༧.༤—ཨ་མེ་རི་ཀ་རང་བཙན་གྱི་ཉིན་མོ།

DC-FIREWORKS-2012
ཤོག་པག་གིས་རྣམ་པར་བཀྲ་བའི་རྒྱལ་སྟོན་བསུ་པའི་ཨ་རིའི་རྒྱལ་སའི་མཚན་ལྗོངས།

ཨ་རི་གཞུང་དམངས་གཉིས་ཀས་ཨ་མེ་རི་ཀ་མཉམ་འབྲེལ་རྒྱལ་ཁབ་དབུ་བརྙེས་ནས་ལོ ༢༤༠ ཕྱིན་པའི་རྒྱལ་སྟོན་དུས་ཆེན་དེ་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་རྩི་སྲུང་བྱེད་ྲོལ་ཡོད།

ཕྱི་ཟླ ༧ ཚེས ༤ ནི། ཨ་རིའི་རྒྱལ་སྟོན་ཉིན་མོ་རེད། རྒྱལ་སྟོན་གྱི་ཉིན་མོ་འདི་ལ་ཨ་རི་གཞུང་གི་གཏན་འབེབས་བྱས་པའི་ཁྲིམས་ལུགས་ལྟར། རྒྱལ་ཁབ་ཡོངས་ལ་ཉིན་གཅིག་གི་གུང་གསེང་ཡོད་པ་རེད། རྒྱལ་སྟོན་གྱི་ཉིན་མོ་དེར། ཨ་རིའི་རྒྱལ་ཡོངས་ག་ས་གང་དུ་མི་མང་གིས་ཞི་བའི་གོམས་བགྲོད་དང་། གླིང་ཀ་དང་། མཚོ་ཁ་གཙང་འགྲམ་སོགས་ཕྱི་རོལ་དུ་སོང་ནས་སྤྲོ་སྐྱིད་ཚ་ཕོག་གཏོང་བ་དང་། ཤོག་པག་རྒྱག་པ། རོལ་དབྱངས་དགོང་ཚོགས་འཚོགས་པ་ལ་སོགས་ཀྱི་རྣམ་པས་ལོ ༢༤༠འི་ཡར་སྔོན་དུ་དབྱིན་ཇི་དབང་བསྒྱུར་འོག་ནས་གྲོལ་ཏེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏེ་ཨ་མེ་རི་ཀ་མཉམ་འབྲེལ་རྒྱལ་ཁབ་བཙུགས་པར་དགའ་བསུ་བྱེད་སྲོལ་ཡོད།

ལོ་ལྟར་རྒྱལ་སྟོན་གྱི་དགོང་མོར། ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་གྱི་གྲོས་ཚོགས་ཚོགས་ཁང་ཆེན་མོའི་ནས་ཕོ་བྲང་དཀར་པོའི་བར་གྱི་རྒྱལ་ཁབ་ཐང་ཆེན་དུ་གཞི་རྒྱ་ཆེ་བའི་རོལ་དབྱངས་དགོང་ཚོགས་དང་། དུས་ཡུན་སྐར་མ ༣༠འི་རིང་ཁ་དོག་དང་གཟུགས་དབྱིབས་སྣ་ཚོགས་ཀྱི་ཤོག་པག་བརྒྱབ་ནས་བདུན་པའི་ཚེས་བཞིའི་རང་བཙན་ཉིན་མོ་རྩི་སྲུང་བྱེད་སྲོལ་ཡོད།

ཕྱི་ལོ ༡༧༧༦ ལོའི་ཟླ ༧ ཚེས ༤ ཉིན། བྱང་ཨ་མེ་རི་ཀའི་མི་སེར་སྤེལ་ཡུལ་མངའ་ཁུལ ༡༣ གྱི་སྐུ་ཚབ་ལྷན་རྒྱས་ཨ་རིའི་རྒྱལ་ས་རྙིང་པ་ཧྥེ་ལེ་ཌ་ཧྥི་ཡ་རུ་འཛོམས་ནས ༼རང་བཙན་བསྒྲགས་གཏམ༽ སྟེང་རྟགས་བཙུགས་པ་མ་ཟད། དབྱིན་ཇིའི་དབང་བསྒྱུར་ལས་དངོས་སུ་གྲོལ་བ་འཛམ་གླིང་ཡོངས་ལ་གསལ་བསྒྲགས་ཀྱང་གནང་པ་རེད།

སྐད་གྲགས་ཆེ་བའི ༼རང་བཙན་འཐབ་འཁྲུག༽དེ་དོན་གྱིས། ཕྱི་ལོ ༡༧༧༥ ལོ་ནས་འགོ་བརྩམས་ནས། ཕྱི་ལོ ༡༧༨༣ ལོར༼ཕཱ་རེ་སི་ཆིངས་ཡིག༽ བཞག་པའི་བར་དུ་སྤེལ་བ་རེད། ༼ཕཱ་རེ་སི་ཆིངས་ཡིག༽ བཞག་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞི་ནས་ཨ་མེ་རི་ཀ་མཉམ་འབྲེལ་རྒྱལ་ཁབ་ནི་རང་དབང་རང་བཙན་དང་བདག་དབང་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་ལེན་བྱས་པ་རེད།