བོད་མི ༡༦༠༠༠ གྱིས་སྐུའི་གྱ་སྟོན་ལ་རྟེན་འབྲེལ་ཞུས་པ།

2015-07-09-NYC-G15
ཨ་རིའི་གྲོང་ཁྱེར་ནོའུ་ཡོག་ཏུ་འཚོགས་པའི་གྱ་སྟོན་དང་བརྟན་བཞུགས།

བྱང་ཨ་མེ་རི་ཀར་འཚོ་སྡོད་བོད་རིགས་ཆིག་ཁྲི་དྲུག་སྟོང་ལྷན་འཛོམས་ཀྱིས ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་ལོ ༨༠འི་འཁྲུངས་སྐར་དུས་ཆེན་དགའ་དད་སྤྲོ་གསུམ་གྱི་ངང་གིས་དགའ་སྟོན་རྟེན་འབྲེལ་ཞུས་ཡོད་པ་རེད།

དེ་ཡང་ཕྱི་ཟླ ༧ ཚེས ༡༠ སྟེ། རེས་གཟའ་པ་སངས་ཉིན། བྱང་ཨ་མེ་རི་ཀར་འཚོ་གནས་བྱས་ཡོད་པའི་བོད་མིས་གཙོས་སོག་པོ། འབྲུག་པ། བལ་བོ་བ། རྒྱ་རིགས་སོགས་རིགས་སོ་སོའི་མི་དམངས་ཆིག་ཁྲི་དྲུག་སྟོང་ལྷག་འཛམ་གླིང་ན་སྐད་གྲགས་ཆེ་བའི་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛོམས་ནས་རང་ས་རང་ཡུལ་དང་ཁ་བྲལ་ནས་ལོ་ངོ ༥༦ རིང་ཡུལ་གྱར་བའི་འཚོ་བ་རོལ་ཞིང་།  བཙན་བྱོལ་བོད་མིའི་སྤྱི་ཚོགས་བསྐྲུན་པ་པོ་བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད ༧སྤྱི་ནོར ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་གྲངས ༨༠འི་འཁྲུངས་སྐར་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོ་དང་། གྲོས་ཚོགས། གྲོང་ཁྱེར་ནིའུ་ཡོག་གཞུང་བཅས་ཀྱིས་དམིགས་བསལ་སྐུ་ཚབ་ཆེད་མངག་གིས་འཁྲུངས་སྐར་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་མ་ཟད། གཏམ་བཤད་ཀྱང་གནང་ཡོད་ཅིང་། གཏམ་བཤད་སྐབས ༧གོང་ས་མཆོག་གིས་སྣེ་ཁྲིད་དང་སྲོལ་གཏོད་གནང་བའི་ཞི་བདེ་དང་། བདེན་པ། འཚེ་བ་མེད་པ། དེ་བཞིན་བྱམས་བརྩེའི་བསམ་བློ་དང་ཆོས་ལུགས་རིས་མེད། ཆོས་ལུགས་འཆམ་མཐུན་ཐད་མཛད་དང་མཛད་བཞིན་པའི་རླབས་ཆེན་མཛད་རྗེས་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རངས་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་མཐོ་རིམ་བློ་འདོན་པ་ལྕམ་བཱ་ལེ་རེ ཇཱ་རེ་ཊི(Valerie Jarrett )ལགས་སྲིད་འཛིན་ཨོ་བྷ་མའི་སྐུ་ཚབ་ཀྱི་ངོ་བོས་ཆེད་དུ་ནིའུ་ཡོག་ཏུ་ཕེབས་ནས ༧གོང་ས་མཆོག་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད་པ་དང་། དེ་ཡང་ཁོང་གིས། འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་འཇོག་ཐུབ་པའི་མི་ཧ་ཅང་དཀོན་པོ་རེད་ལ། ཤུགས་རྐྱེན་ཡོད་པ། འགྲོ་བ་མི་ལ་བྱས་རྗེས་རླབས་པོ་ཆེའང་འཇོག་ཐུབ་མཁན་དེ་བས་ཀྱང་ཉུང་ཉུང་ཡིན། ཡིན་ན་ཡང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་དེ་ལྟ་བུའི་སྐྱེས་བུ་རླབས་ཆེན་དེ་ཡིན། ཏཱ་ལའི་བླ་མས་ཁ་བཤད་ཙམ་མིན་པར་བྱ་སྤྱོད་གྱིས་ཁོང་གི་རླབས་ཆེན་གྱི་བསམ་བློ་དེ་མངོན་མར་བསྒྱུར་ཡོད། དེ་རིང་ཏཱ་ལའི་བླ་མ་ནི་ཞི་བདེ་དང་། བདེན་པ། འཚེ་བ་མེད་པའི་མཚོན་རྟགས་སུ་གྱུར་ཡོད་ཅེས་ཆེ་བསྟོད་གནང་བྱུང་། དེ་བཞིན་ལོ་མང་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སེ ཕས་ལོ་སི་མཆོག་གིས་བོད་དོན་ནི་འཛམ་གླིང་འདིའི་སྐྱེས་ཐོབ་ཀྱི་ཤེས་པར་ཉམས་ཚོད་ལེན་པའི་འགྲན་སློང་དུ་གྱུར་ཡོད་ཅེས་ཁོང་གིས་གསུངས་རྒྱུར། གལ་ཏེ་ཞི་བདེ་ལ་དགའ་བའི་མི་རྣམས་ཀྱིས་རྒྱ་ནག་གི་དཔལ་འབྱོར་གྱི་གནོན་ཤུགས་ལ་རྐྱེན་བྱས་ཏེ་བོད་ཀྱི་འཇིགས་ཉེན་གནས་སྟངས་ལ་གདོང་ལེན་བྱེད་མ་ནུས་ཚེ། འཛམ་གླིང་ཁྱོན་ཆེན་པོ་འདིའི་སྟེང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྐད་འདོན་རྒྱུའི་སྤྱོད་དྲང་བདེན་སེམས་ཀྱི་ནུས་ཤུགས་ཉམས་པ་རེད་ཅེས་གསུངས་འདུག དེ་མིན་ཨ་རིའི་ཧོ་ལེ་བོའུ་ཌའི་འཁྲབ་སྟོན་པ་གྲགས་ཅན་དང་། ༧གོང་ས་མཆོག་གི་གྲོགས་མཆོག་རེ་ཆ་ཌི གྷེ་ཡེར་མཆོག་གིས ༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོར་མི་རྣམས་ལ་ནང་སེམས་གྱི་བདེ་སྐྱིད་དང་། བྱམས་བརྩེ་སྐྲིན་ཆེད་ལམ་སྟོན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག  ༧གོང་ས་མཆོག་གིས་མུ་ནས་མུ་རུ་ང་ཚོར་ལམ་སྟོན་གནང་རྒྱུའི་སྐལ་བ་བཟང་པོ་ལྡན་པ་དེ་ང་ཚོའི་བསོད་ནམས་རེད། ང་ཚོ་ཚང་མས་ཉི་མ་རེ་རེར་འབད་བརྩོན་བྱས་དང་བྱེད་ཀྱིན་ཡོད་མོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནང་བཞིན་གྱི་འབད་བརྩོན་ཞིག་སུ་གང་གིས་ཀྱང་གནང་ཐུབ་མེད། ང་ཚོར་ཁ་ལ་སློབ་གསོ་དང་ལམ་སྟོན་གནང་ནས། ཁོང་གི་སྐུ་ཚེ་ཧྲིལ་བོ་ང་ཚོར་ཕུལ་ཡོད་ཅེས་གསུངས་འདུག གཞན་ཡང་རྒྱ་རིགས་སྐུ་ཚབ་དགེ་རྒན་ཆེན་པོ་ཞ་མེན་ལགས་ཀྱིས། གལ་ཏེ་ང་ཚོས ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བསམ་བློའི་ཉིང་བཅུད་སྟེ། གདུང་སེམས་མཉམ་སྐྱེད་དང་། དགེ་སེམས། འཚེ་བ་མེད་པའི་དགོངས་དོན་ལ་སློབ་སྦྱོང་ཕྲན་བུ་ཞིག་བྱེད་ཐུབ་ཚེ། རྒྱ་རིགས་མི་དམངས་ལ་མཚོན་ན། རིག་གཞུང་དང་། ཆབ་སྲིད། ཡང་ན་ང་ཚོའི་ཉིན་རེའི་འཚོ་བ། གང་གི་ཐད་ནས་ཀྱང་ཕན་ཐོགས་ཆེན་པོ་ཡོད་པ་གདོན་མི་ཟ་ཞེས་བརྗོད་འདུག ༧སྤྱི་ནོར ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྟེན་འབྲེལ་མཛད་སྒོའི་མཇུག་ཏུ་གནའ་ནས་ད་བར་དུ་བློ་གཅིག་སེམས་གཅིག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། ༧གོང་ས་མཆོག་གིས། ཨ་མདོའི་སྐུ་འབུམ་དགོན་པའི་ཉེ་འཁྲིས་གྱི་གྲོང་གསེབ་ཆུང་ཆུང་ལྟག་མཚེར་དུ་ཏུ་སྐྱེས་ནས་མིང་ལ་ལྷ་མོ་དོན་གྲུབ་ཅེས་བཏགས་པ་ནས། རིམ་གྱིས་དེ་རིང་བར་ལོ་བརྒྱད་ཅུར་སོན་པ་རེད། ངོས་ཀྱིས་དུས་རྟག་ཏུ་འཛམ་བུ་གླིང་འདིའི་སྟེང་འཚོ་ཞིང་གནས་པའི་འགྲོ་བ་མི་དུང་ཕྱུར ༧༠ ཚང་མ་ཇི་ལྟར་བྱས་ན་ད་གཟོད་བདེ་སྐྱིད་ཅིག་སྐྲུན་ཐུབ་རྒྱུར་བསམ་བློ་བཏང་བ་ཡིན། ལོ་ན ༨༠ ཅན་གྱི་མི་རྒན་ཞིག་གི་ཉམས་མྱོང་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་བྱམས་བརྩེ་དང་སྙིང་རྗེ་རེད། མི་རེ་རེའི་བསམ་པ་བཟང་པོ་ཞིག གཞན་ཕན་གྱི་བྱམས་བརྩེ་སྙིང་རྗེ་ཞིག་འཛིན་ཐུབ་ཚེ། གོ་ལ་ཧྲིལ་བོར་བདེ་སྐྱིད་ཀྱི་དུས་ཤིག་ཏན་ཏན་ཤར་ཡོང་གི་རེད་ཅེས་བཀའ་སློབ་ཕེབས་བྱུང་།  དེ་བཞིན་གལ་བོ་ཆེ་ལ་ནན་གྱི་ཚུལ་དུ། ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུངས་དོན། གནའ་ནས་ད་དབར་དུ་རང་རེའི་བོད་རིགས་རྣམས་ཁ་མ་འཐོར་པར་བོ་ངོ་མ་བརླག་པར་གནས་ཐུབ་པ་དེ། གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་སྐད། ཡི་གེ་སོགས་རིག་གཞུང་ལ་རག་ལས་ཡོད་པས། བོད་ཕྱི་ནང་གང་ན་ཡོད་མེད་ལ་མ་ལྟོས་པར། ཚང་མས་ཧུར་ཐག་རྦད་ཐག་གིས་བོད་ཀྱི་སྐད་དང་ཡེ་གེས་གཙོས་རིག་གཞུང་དང་མ་བྲལ་བ་གནང་རོགས་ཞེས་ནན་སྐུལ་གནང་འདུག ཐེངས་འདིའི་སྐུའི་གྱ་སྟོན་དང་འབྲེལ་བའི་བརྟན་བཞུགས་མཛད་སྒོ་དེ་ཨ་རིའི་གྲོང་ཁྱེད་ནིའུ་ཡོག་ཏུ་ཉིན་གཉིས་རིང་འཚོགས་ཡོད་པ་དང་། ཉིན་དང་པོར་སློབ་དཔོན་ཀ་མ་ལ་ཞི་ལས་མཛད་པའི༼སྒོམ་རིམ་བར་མའི༽བཀའ་ཆོས་གནང་པ་དང་། ཉིན་གཉིས་པར་བཀའ་ཆོས་ལེགས་པར་འགྲུབ་རྗེས།  སྒྲོན་དཀར་གྱི་ཚེ་དབང་གནང་བ་རེད། དེ་ནས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ ༣༢ ཐུན་མོང་དང་ཆུ་བཞི་སྒང་དྲུག་གིས་བརྟན་བཞུགས་ཕུལ་བ་དང་།  སྐུའི་འཁྲུངས་སྐར་མཛད་སྒོའི་སྐབས། བྱང་ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་བོད་རིགས་སློབ་མ ༢༥༠ གཙོ་བོ་ཡིན་པའི། སོག་རིགས་དང་། ཧི་མ་ལ་ཡ་རི་རྒྱུད་ཀྱི་ནང་པའི་མི་རིགས། འབྲུག་ཡུལ་སོགས་ཀྱི་འཐུས་ཚད་ཀྱིས་སྙན་པོའི་གཞས་དང་། སྤྲོ་བའི་གར་གྱིས ༧གོང་ས་མཆོག་གི་གྱ་སྟོན་ལ་དགའ་བསུ་རྟེན་འབྲེལ་ཞུས་ཡོད་པ་རེད། ཐེངས་འདིའི་འདུ་འཛོམས་དེ་བྱང་ཨ་མེ་རི་ཀའི་བོད་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་རྒྱས་འཛོམས་ཆེ་ཤོས་དེ་ཡིན། ཨ་མེ་རི་ཀའི་མཛད་རིམ་ཁག་ལེགས་པར་འགྲུབ་ནས། ཕྱི་ཚེས ༡༡ཉིན ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡོ་རོབ་རྗར་མི་ནེ་རུ་ཆིབས་ཞལ་བསྒྱུར་ཡོད་པ་རེད།

Advertisements