རྒྱལ་ཚོགས་ཀྱིས༼རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས༽ཟེར་བ་ཐུགས་ཁྲལ།

6a600c338744ebf8c0603de4dcf9d72a6159a7dc
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་མཐོ་རིམ་དམིགས་བསལ་སྐུ་ཚབ་མཆོག་གིས་རྒྱ་ནག་གིས་གསར་དུ་གཏན་འབེབས་བྱས་པའི ༼རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས༽ ཞེས་པར་ཐུགས་ཁྲལ་གནང་འདུག

ཕྱི་ཟླ ༧ ཚེས ༧ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་མཐོ་རིམ་དམིགས་བསལ་སྐུ་ཚབ་སྐུ་ཞབས་རྫ་ཡེ་ཐི ར་ཐི འོལ- ཧའོ་སེ་ཡེན་ལགས་ཀྱིས་ཆེད་བརྗོད་རྩོམ་ཡིག་སྤེལ་ནས། རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ ༧ ཚེས ༡ ནས་ལག་ལེན་དུ་བསྟར་བའི༼རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས༽ཟེར་བ་དེའི་ཧ་ཅང་གི་རབ་བི་རིབ་བི་དང་། ཁྱབ་རྒྱ་ཆེན་པོའི་རང་བཞིན་ལ་ཐུགས་ཁྲལ་གནང་འདུག

དེ་བཞིན་དུ་ཁོང་གིས། ཁྲིམས་ལུགས་དེ་ཧ་ཅང་ཁྱབ་རྒྱ་ཆེན་པོའི་འཁོར་རྒྱ། དེ་མིན་ཧ་ཅང་རབ་བི་རིབ་བིའི་མིང་ཚིག་དང་མཚན་ཉིད་བཀོལ་ཡོད་པས། ཀུན་པོའི་སེམས་ཁྲལ་བསླང་གཞི་རུ་གྱུར་ཡོད། དེ་འདྲའི་ཁྲུམས་ལུགས་ཀྱི་མཇུག་འབྲས་ནི། རྒྱ་ནག་གཞུང་ལ་ཁ་གཡར་ས། ཁག་དཀྲི་སའི་འཁྲོལ་ས་ཆེན་པོ་བསྐྲུན་ནས། རྒྱ་ནག་མི་སེར་གྱི་ཐོབ་ཐང་དང་རང་དབང་ལ་བཏང་འཛིན་ནན་མོ་བྱེད་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་མ་ཟད། ད་ལྟ་ནས་ཤིན་ཏུ་ནས་དམ་པོ་ཡིན་པའི་དམངས་ཁྲོད་སྤྱི་ཚོགས་ཀྱི་བཏང་འཛིན་དེ་ལྷག་པར་དུ་ཇེ་ནན་ཇེ་དམ་དུ་གཏོང་རྒྱུ་རེད་ཅེས་བརྗོད་འདུག

རྒྱ་ནག་གི༼རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས༽གསར་བ་དེའི་ཁོངས་སུ་ཁོར་ཡུག་དང་། དཔལ་འབྱོར། སྤྱི་ཚོགས་བདེ་འཇགས། ནོར་སྲིད། བརྡ་འཕྲིན་ལག་རྩལ། རིག་གཞུང་། བསམ་བློའི་འདུ་ཤེས་མ་ལག སློབ་གསོ། ཆོས་ལུགས་སོགས་གཏོགས་པ་རེད།

༼རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས༽ཟེར་བ་དེ་ནི་བདེ་འཇགས་གནད་དོན་ཐད་ལམ་ཕྱོགས་ཇེ་དྲག་ཇེ་དམ་དུ་སོང་བའི་རྒྱུན་རེད། ཞི་ཅིན་ཕེང་གིས་དབུ་ཁྲིད་པའི་རྒྱ་ནག་གཞུང་གིས་དེ་སྔ་ཐེངས་མང་པོར་ཕྱིའི་རྒྱལ་ཁབ་ནས་ཡོང་བའི་འདུ་ཤེས་འཛིན་སྟངས་ཀྱིས་རྒྱལ་ཁབ་མགོ་རྟིང་སློག་སྲིད་པར་ཉེན་བརྡ་བཏང་ཡོད་པ་རེད། རྒྱ་གཞུང་གིས ༢༠༡༣ལོར་རྒྱལ་ཁབ་བདེ་འཇགས་ཚོགས་ཆུང་ཞེས་པ་ཞིག་བཙུགས་ཡོད་པ་དང་། ཚོགས་ཆུང་དེའི་ཚོགས་གཙོ་ཞི་ཅིན་ཕེང་རང་གིས་ཁུར་ཡོད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་མཐོ་རིམ་དམིགས་བསལ་སྐུ་ཚབ་རྫ་ཡི་ཐི་མཆོག་གིས། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཞིག་ཡིན་ན། དེ་ངེས་པར་དུ་ཞིབ་ཅིང་ཕྲ་བའི་བྱེ་བྲག་གི་རང་བཞིན་ཅན་ཞིག་ཡིན་དགོས། མི་རྣམ་པས་རང་གི་བྱ་སྤྱོད་ཀྱི་མཇུག་འབྲས་སྔ་ས་ནས་མཐོང་ཐུབ་པ་ཞིག་ཡིན་དགོས། དེ་འདྲའི་ཞིབ་ཕྲ་ཅན་ཡིན་དགོས་དོན་ནི་དབང་འཛིན་པས་ཁྲིམས་ལུགས་ལག་ཆ་བྱས་ཏེ་གང་འདོད་ཁྲིམས་ཆད་གཏོང་རྒྱུ་སྔོན་འགོག་གི་ཆེད་དུའང་ཡིན། ཁྲིམས་ལུགས་ཀྱིས་ངེས་པར་དུ་ཁ་གསལ་ཚིག་གསལ་ངང། མཚན་ཉིད་དང་གོ་དོན་དོག་པར་འཇུག་པའི་ཚིག་གིས་རྒྱལ་ཁབ་བདེ་འཇགས་ལ་འཇིགས་སྐུལ་ཟེར་བ་ཅི་ཞིག་ཡིན་པ་འགྲེལ་བཤད་གསལ་བོར་བྱེད་དགོས་ཞེས་དགོངས་ཚུལ་བཏོན་པ་དང་ཆབས་ཅིག ཁྲིམས་ལུགས་གསར་བ་དེའི་ནང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ཡོད་པར་དགའ་བསུ་ཡོད།

འོན་ཀྱང་། རང་དབང་གི་ལྟ་སྐུལ་མེད་པའི་གནས་སྟངས་ལ་དོ་སྣང་བྱས་ཡོད། ཅེས་སོགས་གསུངས་འདུག