
ཕྱི་ལོ ༢༠༡༥ ལོའི་ཟླ ༦ ཚེས ༨ཉིན། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས ༼ ༢༠༡༤ ལོའི་རྒྱ་ནག་གི་མི་ཐོབ[1] ལས་དོན་གྱི་འཕེལ་རྒྱས༽ཞེས་པའི་དེབ་རྒྱབ་ཤོག་དཀར་པོ་ཅན་ཟེར་བ་ཞིག་ཡང་འགྲེམས་སྤེལ་བྱས་འདུག
དེབ་རྒྱབ་ཤོག་དཀར་པོས་རྒྱ་ནག་དེང་གཞུང[2] གི “རྫུན་གཏམ་ཞིག་ཐེངས་མ་བརྒྱ་ལ་བཤད་ན་བདེན་པར་གྱུར”ཞེས་པའི་ཁྲམ་པའི་གཏན་ཚིགས་ལྟར། རྒྱ་ནག་ཀྲུང་གོ་གཞུང་གི “ཐུགས་ཁུར་དང་བྱམས་སྐྱོང” འོག རྒྱ་ནག་གི་མི་སེར་ཚོའི་གཞི་རྩའི་ཐོབ་ཐང་སྟེ། འཕེལ་རྒྱས་ཀྱི་ཐོབ་ཐང་། མི་ལུས་ཀྱི་ཐོབ་ཐང་། འདྲི་གཅོད་དྲང་བདེན་གྱི་ཐོབ་ཐང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་། བུད་མེད་དང་། བྱིས་པ། རྒན་པའི་ཐོབ་ཐང་། དབང་པོ་སྐྱོན་ཅན་གྱི་ཐོབ་ཐང་། ཁོར་ཡུག་ཐོབ་ཐང་། ཕྱི་ཕྱོགས་སུ་འབྲེལ་འདྲིས་དང་མཉམ་ལས་ཀྱི་ཐོབ་ཐང་སོགས་ཁག་སོ་སོ་ཚང་མ་འགན་སྲུང་འཐུས་པ་ཞིག་བྱེད་ཐུབ་ཡོད། ཅེས་ཁ་ཚོད་བཅད་ནས་ཆིག་ལབ་བྱས་འདུག
རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་ཟེར་བས་ཕྱི་ལོ ༡༩༩༡ ལོར་རྒྱ་ནག་གི་མི་ཐོབ་དེབ་རྒྱབ་ཤོག་དཀར་པོ་ཅན་ཟེར་བ་ཐོག་མར་འགྲེམས་སྤེལ་བྱས་ཤིང་། དེབ་རྒྱབ་ཤོག་དཀར་པོ་ཅན་དེའི་ནང་། རྒྱ་ནག་དེང་གཞུང་གིས་རྒྱ་ནག་དམར་པོ་གུང་ཁྲན་ཏང་ཚོགས་པ་བཙུགས་པའི་ཉིན་མོ་དེ་ནས་བཟུང་། དམངས་གཙོ་དང་མི་ཐོབ་ཀྱི་དར་ཆ་དགུང་དུ་འཕྱར་ཡོད། ཅེས་བསྒྲགས་འདུག རྒྱ་ནག་ཀྲུང་གོ་གཞུང་གི་བསམ་ཕྱོགས་ལྟར་ན། རྒྱལ་ཁབ་ལ་རང་གི་རྒྱལ་ཁབ་ཀྱི་གནས་བབ་དང་། ལོ་རྒྱུས། རིག་གཞུང་ལ་གཞིག་ནས་རང་གི་ཚད་གཞི་ལྟར་མི་ཐོབ་འཛུགས་རྒྱུའི་ཐོབ་ཐང་ཡོད་པ་དང་། རྒྱ་ནག་གི་མི་ཐོབ་དེབ་རྒྱབ་ཤོག་དཀར་པོ་ཅན་ཟེར་བས་ཐོག་མཐའ་བར་གསུམ་དུ་འཚོ་གནས་དང་འཕེལ་རྒྱས་ཀྱི་ཐོབ་ཐང་ནན་གྱིས་བརྗོད་གྱིན་ཡོད་ལ། མི་ཐོབ་ནི་མི་སྒེར་གྱི་ཐོབ་ཐང་ཡིན་པ་མ་སྲིད། ཐུན་མོང་གི་ཐོབ་ཐང་ཡང་ཡིན་ཞེས་ནན་བརྗོད་བྱས་ཡོད།
ཕྱི་ལོ ༡༩༩༨ ལོ་ནས་བཟུང་། རྒྱ་ནག་ཀྲུང་གོ་གཞུང་གིས་ལོ་རེ་རེར༼ཨ་རིའི་མི་ཐོབ་སྙན་ཞུ ༽ཟེར་བ་ཞིག་འགྲེམས་སྤེལ་གྱིས་ཨ་རི་ཕྱི་སྲིད་ལྷན་ཁང་གིས་ལོ་རེ་རེར་བཏོན་སྲོལ་ཡོད་པའི༼རྒྱལ་ཁབ་ལ་ལས་མི་ཐོབ་སྙན་ཞུ༽ཞེས་པས་རྒྱ་ནག་གི་མི་ཐོབ་ལ་བརྗོད་སྐྱོན་བྱེད་ཀྱིན་པར་དགག་ལན་སློག་པའི་རྣམ་འགྱུར་བཏོན་འདུག
ལོ་སྔོན་མར། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བཀྲམས་པའི༼༢༠༡༣ལོའི་རྒྱལ་ཁབ་ལ་ལས་མི་ཐོབ་ལོ་འཁོར་སྙན་ཐོ ༽ཞེས་པའི་རྒྱ་ནག་སྐོར་གྱི་ཚན་པའི་ནང་། རྒྱ་ནག་ཀྲུང་གོ་གཞུང་གིས་མི་སེར་གྱི་ཆབ་སྲིད་ཐོབ་ཐང་བཙན་འཕྲོག་བྱས་པ་དང་། ཉེན་རྟོག་པས་མི་ཐོབ་རྡོག་རོལ་དུ་བཏང་བ། རྒྱ་ནག་གི་མི་སེར་ལ་རང་གི་གཞུང་བཅོས་བསྒྱུར་བྱེད་རྒྱུའི་ཐོབ་ཐང་མེད་ཚུལ་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་ཀྲུང་གོ་གཞུང་གིས་ཉེ་ཆར་བཏོན་པའི ༢༠༡༤ ལོའི་མི་ཐོབ་དེབ་རྒྱབ་ཤོག་དཀར་པོའི་ནང་། རྒྱ་ནག་དེང་གཞུང་གི་སྲོལ་རྒྱུན་སྲིད་ལུགས་རྒྱུན་འབྱམས་བྱས་ཏེ་རྒྱ་ནག་དམར་ཤོག་གུང་ཁྲན་ཏང་ཚོགས་པའི་དབུ་ཁྲིད་ཐུགས་ཁུར་འོག རྒྱ་ནག་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་ནས་ཇེ་བཟང་ཇེ་ལེགས་སུ་འགྲོ་མུས་སུ་ཡིན་ལུགས་དང་། གཞུང་གིས་ལུགས་མཐུན་སྲིད་ཇུས་རྒྱུན་འཁྱོངས་བྱས་རྐྱེན། མི་མི་ཉུང་བ་ཞིག་ལ་བཅོས་བསྒྱུར་གྱི་ཁེ་སྤོགས་རེག་ཡོད་ཅེས་འུད་ཀྱིས་བསྒྲགས་འདུག
དེབ་རྒྱབ་ཤོག་དཀར་པོའི་ནང་དམངས་གཙོའི་ཐོབ་ཐང་ཐད། རྒྱ་ནག་ཀྲུང་གོ་གཞུང་གིས་འདས་པའི་ལོ་གཉིས་ཀྱི་ནང་ཚུན་དུ་ལྐོག་ཟ་རུལ་སུངས་ལ་རྡུང་རྡེང་ཚ་ནན་བྱས་པ་དེས་མི་ཐོབ་ཡར་རྒྱས་ལ་ཕན་ལུགས་དང་། སྐད་འཕྲིན་སོགས་སྤྱི་ཚོགས་སྙན་བྱད་རིགས་བཀོལ་སྐྱོད་བྱེད་མཁན་འབོར་ཆེན་ཡོད་པ་དེ་ནི་མི་སེར་གྱི་སྨྲ་བརྗོད་རང་དབང་ལ་གྲུབ་འབྲས་དང་ལྡན་པའི་བཅོས་བསྒྱུར་བྱས་པའི་འབྲས་བུ་ཡིན་ལུགས་བརྗོད་འདུག
དེ་བཞིན་གྲང་ཉུང་མི་རིགས་ཀྱི་ཐོབ་ཐང་ཐད་ནས། གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་ཉིན་རེ་ནས་ཉིན་རེར་འཕེལ་ཞིང་རྒྱས་ཡོད་ཅིང་། ཡུ་གུར་དང་བོད་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ཡོད་པའི་མ་ཚད། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དད་མོའི་རང་དབང་ལ་འགན་སྲུང་ཁག་ཁུར་བྱས་ཡོད་ལུགས་ཀྱང་བརྗོད་འདུག
དེ་བཞིན་དུ། རྒྱ་ནག་ཀྲུང་གོ་གཞུང་གིས་བཟའ་བཏུང་བདེ་འཇགས་ལ་ལྟ་སྐུལ་དང་། ཐོན་སྐྱེད་བདེ་འཇགས་འཐུས་ཚང་ཅན། འཇིགས་སྐུལ་དྲག་སྤྱོད་རིང་ལུགས་ལ་རྒོལ་རྡུང་སོགས་གཙིགས་སུ་བཟུང་ནས་ནན་སྒྲུབ་བྱས་པར་བསྟུན་མི་ལུས་ཐོབ་ཐང་ལ་འགན་སྲུང་བྱས་ཡོད། ཅེས་སོགས་དཔེ་དྲངས་ནས་ཁཱ་ཏས་སྒྲོ་བསྟོད་བྱས་འདུག
འོན་ཀྱང་། ཐོབ་ཐང་ཆེ་ནས་ཆེ་རུ་སོང་ཡོད་ན། རང་དབང་ཆུང་ནས་ཆུང་དུ་འགྲོ་དོན་ཅི་ཡིན་ནམ།
རྒྱལ་སྤྱིའི་མི་ཐོབ་སྒྲིག་འཛུགས་དང་རྒྱ་རིགས་ལྟ་སྤྱོད་ཐ་དད་ཅན་ཚོས་རྒྱ་ནག་གི་མི་ཐོབ་གནས་བབ་ཇེ་བཟང་དུ་འགྲོ་རྒྱུ་ལས་ཇེ་སྡུག་ཏུ་སོང་ཡོད་པར་མཐའ་གཅིག་ཏུ་ངོས་འཛིན་དང་སྐྱོན་བྱས་ཡོད།
གོང་དུ་ཞུས་པའི་མི་ལུས་བདེ་འཇགས་ཐད་ནས་གླེང་ན། ད་ལོའི་ཕྱི་ཟླ་གཉིས་པའི་ནང་རྒྱ་རིགས་རང་དབང་སྨྱན་བྱད་པ་ལྕམ་ཁྲེ་ཅིང་གིས་ལོ་འགའི་རིང་བརྟག་དཔྱད་ཞིབ་འཇུག་གི་འབྲས་བུ—–༼དགུང་ཨ་སྔོན་འོག་ན༽ཞེས་པར་གཞིགས་ན། ཡངས་ཤིང་རྒྱ་ཆེ་བའི་ཀྲུང་ཡོན་ས་ཆེན་སྟེང་ན་འབག་བསླད་ཀྱིས་མ་གོས་པའི་ས་ཞིག་ལྷག་མེད་ལ། ཐ་ན་འཛམ་བུ་གླིང་འདིའི་མཐའ་མཇུག་གི་དག་ཞིང་དུ་འབོད་པའི་མདོ་དབུས་མཐོ་སྒང་ཡང་འབག་བསླད་ཀྱིས་གོས་ཡོད། འབག་བསླད་ཀྱིས་གོས་པའི་ཁོར་ཡུག་དེ་ལས་སྐྱེས་པའི་འབྲུ་རིགས་དང་སྔོ་ཚལ་གྱིས་གཙོས་པའི་ཟས་རིགས་ཕལ་མོ་ཆེ་མིའི་གཟུགས་པོར་གནོན་པའི་ཚད་ལ་བསླེབས་ཡོད་པ་དང་། འཐུང་ཆུའི་རིགས་བརྒྱ་ཆའི་བདུན་ཅུ་འབག་བསླད་ཀྱིས་གོས་ཡོད་པས། ཀྲུང་ནན་ཧེ་ཡིས་ཕྱི་རྒྱལ་ནས་འཐུང་ཆུ་ནང་འདྲེན་བྱེད་དགོས་པར་ཐུག་ཡོད། དེ་བཞིན་དུ་ཟི་ལང་དང་ལྷ་ས་ཐེ་བའི་གྲོང་ཁྱེར་ཡོད་དོ་ཅོག་གི་མཁའ་དབུགས་ལ་འབག་བསླད་ཐེབས་ནས་མིའི་གཟུགས་ཁམས་ལ་གནོན་པ་ཧ་ཅང་ཆེ་བའི་ཚད་ལ་བསླེབས་ཡོད་ལ། ཕྱི་ལོ ༢༠༡༣ ལོར། རྒྱ་ནག་གི་ཞིང་ཆེན ༢༥འི་གྲོང་ཁྱེར་བརྒྱ་ཁ་ལྷག་ཏུ་ཟླ་ཕྱེད་རིང་ལ་རྡུལ་སྨིག་གི་གནམ་གཤིས་བྱུང་ཡོད། མདོར་ན། དེང་སང་གི་རྒྱ་ནག་ཏུ་ཟ་མ་དུག་ཅན། འཐུང་ཆུ་དུག་ཅན། མཁའ་དབུགས་དུག་ཅན་སོགས། དུག་གིས་འབགས་པའི་ཁོར་ཡུག་ཅིག་ན་བོད་མི་ཐེ་བའི་ཡུལ་མི་དུང་ཕྱུར་བཅུ་གསུམ་འཚོ་གནས་བྱས་ཡོད་ལ། རྒྱ་ནག་པ་འབྱོར་ལྡན་དང་། དབང་ཆེན་ནུས་ལྡན་ཚང་མས་ཐབས་བརྒྱ་ཇུས་སྟོང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གཞིས་སྤོ་བྱེད་དོན་གྱི་རྒྱུ་རྐྱེན་གཅིག་ཁོར་ཡུག་འབག་བསླད་རེད།
འཚོ་གནས་ཀྱི་ཐོབ་ཐང་ཟེར་བ་དེ་མི་སྐྱེས་དུས་ནས་མངའ་བའི་ཐོབ་ཐང་ཞིག་ཡིན་ལ། གཙོ་བོ་མི་སེར་ཞིག་ལ་ཡོད་དགོས་ལ་ཡོད་ཀྱང་ཆོག་པའི་ཐོབ་ཐང་ནི་སྤྱི་ཚོགས་ཐོབ་ཐང་རིགས་ཡིན། དཔེར་ན། གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་། འདེམས་བསྐོའི་ཐོབ་ཐང་། སྐད་འབོད་ཁྲོམ་སྐོམ་གྱི་ཐོབ་ཐང་། སྨྲ་བརྗོད་དང་། པར་སྐྲུན། ཚོགས་པ་གསར་འཛུགས་ཀྱི་ཐོབ་ཐང་སོགས་གལ་ཆེན་པོ་ཡིན། རྒྱ་ནག་ཀྲུང་གོ་གཞུང་གིས་གཞུང་དང་ལྟ་སྤྱོད་ཐ་དད་ཅན་ཚོར་རྣམ་འགྱུར་སྟོན་སྟངས་ལས་གཞུང་གིས་མི་ཐོབ་རྡོག་རོལ་དུ་གཏོང་བཞིན་པ་ལས་མི་ཐོབ་ལ་འགན་སྲུང་བྱས་མེད་པ་གསལ་བོ་རེད། ལོ་སྔོན་མར་རྒྱ་རིགས་ཁྲིམས་རྩོད་པ་ཕུའུ་ཀྲི་ཆང་དང་། གསར་འགྱུར་མི་སྣ་གྲགས་ཅན་ལྕམ་ཀོའོ་ཡུས། ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་པ་ཞིས་ཀྲི་ཡོན་ལ་སོགས་མང་པོ་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་ལ། མི་དེ་དག་གིས་རང་ལ་ཡོད་ཆོག་པའི་ཆབ་སྲིད་ཀྱི་ཐོབ་ཐང་ལག་ལེན་དུ་བསྟར་བ་ཙམ་ལས་ཁྲིམས་འགལ་གྱི་ལས་ཅི་ཡང་བྱས་མེད་མོད། རྒྱ་ནག་དེང་གཞུང་གིས་རེ་རེ་བཞིན་འཛིན་བཟུང་བཙོན་འཇུག་བྱས་པ་རེད། ལྷག་དོན་དུ། ཉེས་བའི་གཟའ་འཁོར་འགའི་ནང་དུ། ཁྲིམས་རྩོད་པས་གཙོས་སྤྱི་ཚོགས་ལས་འགུལ་མི་སྣ་སུམ་བརྒྱ་མ་ཟིན་ཙམ་ཞིག་འཛིན་བཟུང་དང་བཀག་ཉར་སོགས་བྱས་ཡོད་པས། རྒྱ་ནག་དེང་གཞུང་གི་བྱ་སྤྱོད་དེ་ཞི་ཅིན་ཕེང་གི “ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང ”རྒྱུ་ཡིན་ལུགས་ཀྱི་སྟོང་གཏམ་དེ་དང་ཏག་ཏག་འགལ་ཟླ་ཆགས་ཡོད། འདི་ནི་མི་དམངས་ཀྱི་མི་ཐོབ་ལ་གོས་བརྩི་བྱས་པ་རེད་དམ། མི་ཐོབ་རྡོག་རོལ་བཏང་བ་རེད།
དཀར་ནག་གོ་ལྡོག བདེན་རྫུན་མཉམ་བསྲེས་ནི་རྒྱ་ནག་ཀྲུང་གོ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འཐབ་ཇུས་རྨང་གཞི་ཡིན། ད་ལོའི་དེབ་རྒྱབ་ཤོག་དཀར་པོ་ཟེར་བའི་ནང་དུའང་སྔོན་ཆད་ཇི་བཞིན་བོད་དང་ཡུ་གུར་གཙོ་བོ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཡར་ནས་ཡར་དུ་རྒྱས་ཡོད་ཚུལ་ཡིག་ཚོགས་ལ་མ་འཛེམ་པར་ཡག་བཤད་མཛེས་བཟོ་བྱས་ཏེ་དཀའ་ལས་མང་པོ་མྱངས་འདུག སྦར་མོས་ཉི་འོད་འགོག་འདོད་ཀྱི་བློ་ནི་ཅིས་ཀྱང་མི་སྲིད་པའི་དཔེ་ཡིན།
དག་སྣང་གི་བདག་པོ་བོད་པས་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྒྲིག་འཛུགས་ཁག་གིས་ཞི་ཅིན་ཕེང་གི་ཕ་དམ་པ་ཞི་ཀྲུང་ཞོན་ལགས ༧རྒྱལ་བ་པན་ཆེན་རྣམ་གཉིས་དང་ཐུགས་ཉེ་བོ་ཡོད་པ་དང་བོད་དོན་ཐད་ལྟ་བ་ཅུང་གུ་ཡངས་འཛིན་མཁན་ཞིག་ཡིན་པའི་ཆ་ནས་བུ་ཞི་ཅིན་ཕེང་གིས་ཀྱང་ཕ་རྗེས་་བུས་དེད་ནས་བོད་དོན་ཐད་མ་མཐའ་ཡང་ཅང་ཙེ་མེན་དང་ཧོའོ་ཅིན་ཐོའོ་ལས་སྲིད་ཇུས་ཅུང་བཟང་པོ་ཞིག་འཛིན་སྲིད་པར་ཡིད་ཆེས་དང་རེ་སྒུག་བྱས་མཐར། ཟླ་སྔོན་མར་རྒྱ་ནག་དེང་གཞུང་གིས་འགྲེམས་སྤེལ་བྱས་པའི༼ བོད་ལྗོངས་དེབ་རྒྱབ་ཤོག་དཀར་པོ་ཅན༽ཟེར་བས། ༧གོང་ས་རྒྱལ་བ་རིན་ཆོ་ཆེ་མཆོག་ལ་སྐྱོན་བརྗོད་དྲག་པོ་དང་སྦྲགས། ལོ་མང་སྔོན་གཏན་འབེབས་དང་དུས་དེ་རིང་ད་དུང་མུ་མཐུད་ནས་ལག་ལེན་དུ་བསྟར་གྱིན་པའི་བོད་དོན་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ལ་མཐའ་གཅིག་ཏུ “བོད་རང་བཙན་གྱི་གོམ་པ་དང་པོ ” ཞེས་དགག་རྒྱག་དང་རྩིས་མེད་རྣམ་གཅོད་བྱས་ཡོད་པས། རེ་བས་ཕོངས་པས་བོད་པ་ཚོ་ཡང་གཅིག་རེ་བས་ཕོངས། དེ་ལས་ཤེས་ཐུབ་པ་ཞིག་ནི་ཞི་ཅིན་ཕེང་ལ་ཅང་ཧོའོ་ཡི་དྲག་པོའི་སྲིད་ཇུས་ལས་བོད་དོན་ཐག་གཅོད་ཐད་ལྟ་བ་གསར་བ་ཞིག་མེད་པ་མཚོན་ཡོད་ལ། བོད་དོན་ལ་བསམ་བློ་གཏོང་རྒྱུའི་བློ་སྤོབས་དང་། རྣམ་དཔྱོད། གདེང་ཚོད་མེད་པའང་གསལ་བོ་རེད།
མི་ཐོབ་ལས་དོན་དེབ་རྒྱབ་ཤོག་དཀར་པོའི་ནང་དྲངས་པ་ནང་བཞིན། བོད་མིར་སྨྲ་བརྗོད་དང་ཆོས་དད་རང་དབང་ཡོད་ན། སྙན་ངག་ཤོ་ལོ་ཀ་གཅིག་བྲིས་པས། རང་གི་རྩ་བའི་བླ་མར་བསྟོད་གླུ་ཞིག་བླངས་པས། རང་གི་རྩ་བའི་བླ་མ་ཕྱིར་རང་ཡུལ་དུ་ཕེབས་རྒྱུར་སྐད་འབོད་ཅིག་བྱས་པས། ཕྱིའི་རླུང་འཕྲིན་དང་བརྙན་འཕྲིན་ལ་ལྟ་ཉན་བྱས་པ་ཙམ་གྱིས། རང་གི་མཐའ་འཁོར་དུ་བྱུང་བའི་ཡ་ང་བའི་གནས་ཚུལ་རིགས་གྲོགས་ཕན་ཚུན་བར་མཉམ་རོལ་བྱས་པས། རང་ས་རང་སྲུང་དང་སྲོལ་རྒྱུན་རྒྱུན་འཛིན་ཆེད་གང་བྱུང་གཏེར་ཁ་སྔོག་འདོན་རིགས་ལ་མི་དགའ་མི་མོས་པའི་རྣམ་འགྱུར་ཙམ་བསྟན་པས། ཤི་བོར་མྱ་ངན་གོས་འདུད་དང་ཤུལ་ལུས་ནང་མིར་གདུང་སེམ་མཉམ་སྐྱེད་བྱས་པ་ཙམ་གྱིས། ཐ་ན་རང་གི་རྩ་བའི་བླ་མའི་སྐུ་པར་ཞིག་ཉར་པས་འཛིན་བཟུང་དང་བཙོན་འཇུག་བྱེད་ག་ལ་སྲིད། ཉེ་ལམ་བོད་རང་དབང་ལས་འགུལ་ཚོགས་པས་བཏོན་པའི་གནས་ཚུལ་ནང་། ལོ་ལོ་དང་། པདྨ་འཕྲིན་ལས། སྐལ་བཟང་ཡར་འཕེལ། ཞང་བོ། ཨོ་རྒྱན་བསྟན་འཛིན། ཨ་ལྕོག་ཕུལ་སུམ། མཆོག་སེལ་བཅས་བོད་མི་གཞས་པ་བདུན་རྒྱ་ནག་གི་བཙོན་འོག་ན་ཡོད་པ་དང་། གྲངས་ཀ་དེ་ནི་ཤེས་རྟོགས་བྱུང་བའི་རྒྱ་ནག་གི་བཙོན་འོག་ན་ཡོད་པའི་བོད་མི་གཞས་པ་ཁོ་ན་ཡིན། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཏོན་པའི ༢༠༡༤ ལོའི་བོད་ཀྱི་མི་ཐོབ་སྙན་ཐོ་ལྟར་ན། ཕྱི་ལོ ༢༠༡༤ ལོར་ཤེས་རྟོགས་བྱུང་བའི་བོད་མི་བཙན་མ ༣༠༠༠ ཙམ་ཡོད་པ་དང་། གྲངས་ཀ་འདི་ནི་ཆབ་སྲིད་གནད་དོན་ཞེས་པར་བསྙད་ནས་བཙོན་འཇུག་བྱས་པ་རྐྱང་རྐྱང་རེད། འདི་དག་གིས་རྒྱ་ནག་ཀྲུང་གོ་གཞུང་གིས་བོད་མིར་སྨྲ་བརྗོད་དང་ཆོས་དད་རང་དབང་ཡོད་ཟེར་བའི་རྫུན་གྱི་མཐིལ་བརྟོལ་ཡོད།
རྒྱ་ནག་ཀྲུང་གོ་གཞུང་གིས་སྟོབས་ཤུགས་གསུམ་སྟེ། ཁ་བྲལ་རིང་ལུགས། ཆོས་ལུགས་ཐལ་དྲགས་རིང་ལུགས། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་ཅེས་པར་ཁ་གཡར་ནས་རྒྱ་ཁྱབ་ཏུ་སོང་བའི་མི་རིགས་དབྱེ་འབྱེད་དང་མི་རིགས་དམའ་འབེབས། ཚབས་ཆེ་བའི་ཆོས་ལུགས་དྲག་གནོན། ཉིན་རེ་ཞག་རེར་ཇེ་ཆེ་ཇེ་དྲག་ཏུ་འགྲོ་བཞིན་པའི་དབྱེ་འབྱེད་དང་གཉའ་གནོན་རིགས་ཀྱི་སྲིད་ཇུས་ཁྲིམས་མཐུན་ལུགས་མཐུན་བྱས་དང་བྱེད་ཀྱིན་ཡོད་ལ། ཤར་ཏུར་ཀུ་སི་ཐན་ནམ་ཞིན་ཅང་གི་ཛ་དྲག་གནས་སྟངས་ལ་མེ་ཐོག་ཤིང་དང་གཤོག་འོག་རླུང་གི་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཡོད་པས། དོན་གྱིས་ཁ་བྲལ་བ་ནི་རྒྱ་ནག་དམར་ཚོགས་རང་ཡིན།
བོད་ཀྱི་དངོས་ཡོད་གནས་སྟངས་ཐད་ནས་བཤད་ན། མི་ཐོབ་ཀྱི་དེབ་རྒྱབ་ཤོག་དཀར་པོའི་ནང་བྲིས་པ་ནང་བཞིན་དེ་འདྲ་ཡག་པོ། སྐྱིད་པོ། བདེ་མོ་ཞིག་རྩ་བ་ནས་མིན་པ་མ་ཟད། ཏག་ཏག་དེ་ལས་ལྡོག་ཟླ་ཡིན།
རྒྱ་ནག་ཀྲུང་གོ་གཞུང་གིས་བོད་ས་ཧྲིལ་བོ་བཙན་བཟུང་བྱས་པའི་ཉིན་མོ་ནས་བོད་ལ་དམ་དྲག་གི་སྲིད་ཇུས་ལྷོད་མྱོང་མེད་ལ་། ནང་སྒོས་སུ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ། བོད་ས་གང་སར་དམ་དྲག་གི་ཤེད་ཤུགས་ལྡབ་འགྱུར་གྱི་ཇེ་དམ་ཇེ་དྲག་ཏུ་བཏང་ནས། ཁ་སང་དེ་རིང་བོད་ཁུལ་དུ་བོད་མི་ལས་དམག་མི་མང་པ། སྒེའུ་ཁུང་ལས་པར་ཆས་མང་པ། ཁང་པའི་ཡང་སྟེང་ན་ཕྱོགས་བཞིའི་བོད་མི་ཚོར་སོ་བའི་ཐིག་ཏུ་བླངས་པའི་འཇབ་རྒོལ་མེ་མདའ་རྒྱག་མཁན་ཚོས་ཉིན་མཚན་བར་མེད་དུ་སོ་ལྟ་བྱས་ཡོད་པ། སྲང་ལམ་ཆེ་མ་ཆུང་གསུམ་ན་རུ་བསྒྲིགས་པའི་དམག་མིས་ལག་ཏུ་མེ་མདའ་བཟུང་ནས་སྐད་རྒྱག་བཞིན་འཇིགས་སྐུལ་བྱེད་པ། དེ་མིན་དགོན་པའི་འདུ་ཁང་མ་མཐོང་གོང་ཉེན་རྟོག་ལས་ཁུངས་མཐོང་པ། དགོན་པའི་གྲྭ་པ་མ་མཐོང་གོང་ཉེན་རྟོག་མི་སྣ་མཐོང་བ། ལ་སོགས་དམག་གིས་བཙན་བཟུང་འོག་གི་ཡ་ང་པའི་བོད་ཁུལ་གྱི་ཕྱི་རྣམ་པའི་གནས་སྟངས་ནི་དེ་ལྟ་བུ་ཞིག་ཡིན་པས། མེ་མདའི་ཁ་ན་རང་དབང་ཟེབ་བ་ཞིག་ཡོད་དམ། ཐོབ་ཐང་བཤད་ས་ཡོད་དམ།
དེ་བཞིན་དུ་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བོད་ཀྱི་སྐད་ཡིག་གཅིག་པུ་ལས་གཞན་བསླབ་གཞི་ཚང་མ་རྒྱ་ཡིག་ཏུ་བསྒྱུར་བ། བོད་ཡིག་ཡོད་སའི་སློབ་ཆེན་ཁག་གིས་བོད་རིགས་སློབ་མ་གོང་གི་ཐག་གཅོད་གཏན་འབེབས་བྱས་པའི་གྲངས་ཀ་ཉུང་ཉུང་དེ་ལས་བསྡུ་མི་ཆོག་པ། སྤྱི་ཚོགས་ཀྱི་ཡས་སྣེ་མས་སྣེ་ན་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་མེད་པར་བཏང་བ་མ་ཟད། བོད་རིགས་སློབ་ཆེན་ཁག་ནས་བོད་རང་གི་སྐད་དང་ཡི་གེ་སྦྱངས་ནས་མཐར་ཕྱིན་པའི་བོད་རིགས་སློབ་མར་ལས་ཀ་མ་སྤྲད་པར་ལས་མེད་དུ་བསྐྱུར་ནས། བོད་མི་དམངས་ལ་བོད་ཡིག་བསླབ་ན་མདུན་ལམ་མེད་པ་དང་བོད་ཡིག་ལ་བེད་སྤྱོད་མེད་པའི་ཚོར་སྣང་བསྐྲུན་ནས་བླུན་བསྒྱུར་བྱས་དང་བྱེད་ཀྱིན་ཡོད་པས། འདི་དག་གི་རྒྱལ་སྤྱིའི་ཁྲིམས་སྲོལ་དང་འགལ་ཡོད་ལ། རྒྱ་ནག་ཀྲུང་གོ་གཞུང་རང་གིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་དང་ཡང་འགལ་ཟླ་ཡིན།
ཡང་དེ་བཞིན་དུ། ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ལ་སོགས་པར་ཁ་གཡར་ནས། བོད་མི་འབྲོག་པ་འབོར་ཆེན་བཙན་དབང་གིས་གཞིས་སྤོ་རུ་བཅུག་པ་དང་། གྲོང་བརྡལ་ཅན་དུ་བསྒྱུར་ནས། བོད་ཀྱི་འབྲོག་པའི་རྩྭ་ཐང་གི་རིག་གནས་རྩ་མེད་དུ་བཏང་ཡོད། བོད་ཀྱི་མི་འབོར་གྱི་བརྒྱ་ཆའི་བདུན་ཅུ་འབྲོག་པ་ཡིན་པས། འབྲོག་པའི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་རྨང་གཞི་དང་རུས་རྐང་ཡིན། འབྲོག་པའི་རིག་གནས་བརླག་ན་བོད་ཀྱི་རིག་གནས་ཀྱང་བརླག་གིན་ཡོད་པས། རྒྱ་ནག་ཀྲུང་གོ་གཞུང་གིས་ཞེ་ངན་ཁོག་བཅང་གིས་འཆར་གཞི་ཡོད་པ། དམིགས་ཡུལ་ཡོད་པའི་ལམ་ནས་ལས་གཞི་རྣམ་གྲངས་དེ་སྤེལ་གྱིན་ཡོད་པས། དེ་ནི་རྒྱ་ནག་གི་བོད་རིགས་རྒྱ་བསྒྱུར་གྱི་མཚུངས་བསྒྱུར་སྲིད་ཇུས་ནང་གི་མངོན་གསལ་དོད་པོར་སྤེལ་གྱིན་པའི་སྲིད་ཇུས་གཅིག་རེད།
ད་དུང་། མི་ཐོབ་ཀྱི་དེབ་རྒྱབ་ཤོག་དཀར་པོའི་ནང་མི་སེར་གྱི་ཐོབ་ཐང་སྐོར་ཡང་གླེང་འདུག རྒྱལ་ཁབ་ཅིག་གི་མི་སེར་ཡིན་ན་དེ་ལ་རྒྱལ་ཁབ་དེའི་ཁྲིམས་ལུགས་ཁག་སྲུང་རྩི་དང་། གཞུང་ལ་ཁྲལ་འཇལ་རྒྱུ། བདེ་འཇགས་དང་འཕེལ་རྒྱས་ཆེད་ནུས་པ་འདོན་རྒྱུ་ནི་མི་སེར་གྱི་འོས་འགན་ཡིན་པ་ནང་བཞིན། རྒྱལ་ཁབ་ཀྱིས་མི་སེར་ལ་ལྟ་སྐྱོང་བྱེད་རྒྱུའང་གཞུང་གི་འོས་འགན་ཡིན། སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་གཞི་རྩའི་ཐོབ་ཐང་ལས་གཞན་ཕྱིའི་རྒྱལ་ཁབ་ཁག་ལ་སློབ་སྦྱོང་དང་ཚོང་ལས། སྤྲོ་འཁྱམ། མཉེན་འཕྲད་ཆེད་ཕྱི་སྐྱོད་ལམ་ཡིག་རེག་རྒྱུ་ནི་མི་སེར་ཞིག་གི་མ་མཐའི་ཐོབ་ཐང་ལོས་ཡིན། ཡིན་ན་ཡང་། བོད་མི་ཚོར་ཕྱི་ལོ ༢༠༠༨ལོ་ནས་དུས་དེ་རིང་ད་དུང་ཕྱི་སྐྱོད་ལམ་ཡིག་སྤྲོད་ཀྱིན་མེད། ཕྱི་སྐྱོད་ལམ་ཡིག་སྒྲིག་ཁྲིམས་ཟེར་བའི་ནང་དུའང་མི་སེར་ཚང་མར་ཕྱི་སྐྱོད་ལམ་ཡིག་ཐོབ་རྒྱུའི་ཐོབ་ཐང་ཡོད་ཅེས་ཁ་གསལ་བཏོན་ཡོད། ཡིན་ན་ཡང་། བོད་རིགས་ནི་ཕྱི་སྐྱོད་ལམ་ཡིག་རེག་རྒྱུའི་ཐོབ་ཐང་ཙམ་ཡང་མེད་པའི་མི་སེར་རིགས་ཚོགས་དེར་གྱུར་ཡོད། ཕྱི་སྐྱོད་ལམ་ཡིག་ཀྱང་མི་རེག་པ། མགྲོན་ཁང་ཅིག་ཏུ་འདུག་རྒྱུའི་ཐོབ་ཐང་ཡང་མེད་པའི་བོད་མིར་ཐོབ་ཐང་ཟེར་བ་ཞིག་གླེང་ས་འདུག་གམ། དེ་ལ་ཐོབ་ཐང་ཡར་རྒྱས་ཟེར་རམ།
གང་ལྟར། ཉི་མ་སྤར་མོས་ཁེབས་ནི་མ་རེད། མི་ཐོབ་ཀྱི་དེབ་རྒྱབ་ཤོག་དཀར་པོ་ཟེར་བ་བརྒྱ་དང་སྟོང་བཀྲམས་ཀྱང་། རྒྱ་རིགས་མི་དམངས་དང་སྒོས་སུ་བོད་དང་ཡུ་གུར་བས་གཙོས་གྲངས་ཉུང་མི་རིགས་ཚོར་ཐོབ་ཐང་དང་རང་དབང་ག་ཚོད་ཅིག་ཡོད་པ་ནམ་ལངས་ལངས་ཉི་མ་ཤར་ཤར་རེད། ཡང་གཅིག་བཤད་ན། རྒྱ་ནག་ཀྲུང་གོ་གཞུང་གིས་ནམ་རྒྱུན༼ བོད་ལྗོངས་དེབ་རྒྱབ་ཤོག་དཀར་པོ ༽ཟེར་བ་དང་། ༼རྒྱ་ནག་གི་མི་ཐོབ་དེབ་རྒྱབ་ཤོག་དཀར་པོ ༽ཟེར་བ་ལ་སོགས་པས་མཚོན་མ་ཡིན་མ་མདོག་དང་མེད་པ་ཡོད་མདོག་གིས་བཏོན་དང་འདོན་གྱིན་པའི་ཡིག་ཆ་དེ་དག་ནི་གཡག་རྐུན་ངོ་ན་ཤིག་ཅིག་ཅེས་པའི་དཔེ་ལྟར་རེད། ཐོབ་ཐང་དང་རང་དབང་ཡོད་ན། ཨ་རི་དང་ཡོ་རོབ། ཉི་ཧོང་། ལྷོ་ཀོ་རེ་ཡ་སོགས་ཀྱིས་ང་ཚོའི་མི་སེར་ལ་ཐོབ་ཐང་འདི་དང་གད་ཡོད། རང་དབང་ཁ་ཚང་ཡོད་ཅེས་བསྒྲགས་མེད་ལ་བསྒྲགས་ཀྱང་མི་དགོས་པ་ལྟ་བུ་རེད།
མཆན།
[1] འགྲོ་བ་མིའི་ཐོབ་ཐང་གི་བསྡུས་ཚིག
[2] དེང་སང་གི་རྒྱ་ནག་དམར་པོའི་གཞུང་འདི་ལ་གོ་དགོས།