
ཕྱི་ཟླ ༧ ཚེས ༢༩འི་ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་བོའི་མི་འབོར་གྱི་ཚོད་རྩིས་གཞི་གྲངས་ཡོངས་བསྒྲགས་གནང་བ་དང་སྦྲགས། ༢༠༡༣ ལོར་ཚོད་དཔག་བྱས་པའི་གྲངས་ཀ་དེ་ཇེ་མཐོར་བཏང་འདུག དེ་དུས། ༢༠༥༠ ལོར། གོ་ལ་ཧྲིལ་བོའི་མི་གྲངས་དེ་ཐེར་འབུམ་དགུ་དང་དུང་ཕྱུར་ལྔ་ལ་སོན་རྒྱུ་ཡིན་པ་ཚོད་དཔག་བྱས་ཡོད། ད་ལྟའི་གོ་ལའི་མི་གྲངས་ནི་ཐེར་འབུམ་བདུན་དང་དུང་ཕྱུར་གསུམ་ཡིན།
ཡིན་ན་ཡང་། ད་ལྟའི་གནས་སྟངས་ནི། སྐྱེ་ཚད་ཇེ་དམའ་རུ་འགྲོ་སྲིད་པའི་ཚོད་དཔག་དེ་སྔོན་ཆད་ཇི་བཞིན་བསྡད་མེད། བློ་ཡུལ་ལས་འདས་པ་ཞིག་ལ། གོ་ལ་ཧྲིལ་བོའི་མི་གྲངས་འཕར་བཞིན་པ་ལས་ལྡོག་སྟེ། ད་ལྟ་མི་འབོར་བྱེ་བ་བརྒྱད་དང་ས་ཡ་གཅིག་ཡིན་པའི་འཇར་མི་ནེའི་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། ད་ཐེངས་བསྒྲགས་པའི་ཚོད་དཔག་གཞི་གྲངས་གཞིར་བཟུང་ན། ༢༠༥༠ ལོར་འཇར་མི་ནེའི་མི་འབོར་བྱེ་བ་བདུན་དང་ས་ཡ་ལྔ་རུ་མར་ཆག་རྒྱུ་རེད། འཇར་མི་ནེ་ནང་བཞིན་བཟོ་ལས་དར་རྒྱས་ཅན་གྱི་རྒྱལ་ཁབ་མང་ཆེ་བའི་གནས་སྟངས་ཕལ་ཆེར་འདྲ་བོ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོད་དཔག་ལྟར་ན། དུས་རབས ༢༡ པའི་དཀྱིལ་དུ། རྒྱལ་ཁབ་དགུ་ཡིས་མི་འབོར་གསར་དུ་འཕར་བའི་གྲངས་ཀའི་ཕྱེད་ཀ་ཟིན་རྒྱུ་རེད། རྒྱལ་ཁབ་དེ་དག་ནི། རྒྱ་གར་དང་། ནཱ་ཇེ་རེ་ཡ། པཱ་ཀི་ས་ཐན། ཁང་གྷོ། ཨེ་ཏེ་ཨོ་པེ་ཡ། ཐན་ཛ་ནེ་ཡ། ཨ་རི། ཨེན་དྷོ་ནེ་ཞི་ཡ། ཨུ་གྷན་ཏཱ་བཅས་རེད། དེ་དུས་འཛམ་གླིང་སྟེང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ནི་རྒྱ་ནག་དང་རྒྱ་གར་གཉིས་ཡིན། དེ་དུས་རྒྱ་གར་ནག་གཉིས་ཀྱི་མི་འབོར་ད་དུང་ཡང་དུང་ཕྱུར་བཅུའི་ཡན་ཡིན། འོན་ཀྱང་། ༢༠༢༢ ལོར་རྒྱ་གར་གྱི་མི་གྲངས་རྒྱ་ནག་ལས་བརྒལ་ཏེ་འཛམ་གླིང་སྟེང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་རྒྱུ་རེད།
ཚོད་དཔག་གི་རྨང་གཞི་རུ་གྱུར་བའི་འཛམ་གླིང་བུད་མེད་ཀྱི་ཆ་སྙོམས་སྐྱེ་ཚད་ཇེ་ཉུང་དུ་འགྲོ་བཞིན་པའི་བཤད་ཚུལ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་ལེན་བྱས་ཡོད། ད་ལྟའི་སྐྱེས་ཚད་ནི ༢ གྲངས་ཆུང་ལྔ་ཡིན། ཡིན་ཡང་། ནང་སྒོས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་སྐྱེ་ཚད་མར་ཆག་གི་མེད། འདས་པའི་ལོ་ཤས་སུ། ཨ་ཧྥི་རི་ཀའི་ནཱ་ཇེ་རེ་ཡའི་བཙའ་ལོ་རན་པའི་བུད་མེད་ཁྲོད་ཆ་སྙོམས་བུད་མེད་རེ་ལ་བྱིས་པ་བདུན་གྲངས་ཆུང་དྲུག་གསུམ་སྐྱེ་བཞིན་ཡོད་ལ། སོ་མ་ལེ་རུ་དྲུག་དང་གྲངས་ཆུང་དྲུག་གཅིག་ཡིན། ཡིན་ན་ཡང་། འཇར་མི་ནེའི་བུད་མེད་ཀྱི་སྐྱེ་ཚད་ནི་གཅིག་གྲངས་ཆུང་གསུམ་དྲུག་ཡིན།
དངོས་སུ་སྐྱེས་པ་དང་ཚོད་དཔག་བར་དོ་མཉམ་བྱུང་མེད་སྟབས། ཚོད་དཔག་སྣ་ཚོགས་གི་མཇུག་འབྲས་ཏག་ཏག་ཅིག་བསྡད་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོད་དཔག་དེ་དུང་ཕྱུར ༧༣ ནས ༡༦༦ གཅིག་མཚུངས་མིན། འཇར་མི་ནེའི་ཧན་ནོ་བིར་ན་ཡོད་པའི་འཛམ་གླིང་མི་འབོར་ཐེབས་རྩ་ཁང་གིས། གལ་ཏེ ༢༡༠༠ ལོའི་བར་བུད་མེད་ཚོའི་སྐྱེ་ཚད་དེ་ད་ལྟ་ནང་བཞིན་འགྱུར་ལྡོག་མེད་པའི་དབང་དུ་བཏང་ཡང་། གོ་ལ་ཧྲིལ་བོའི་མི་འབོར་དེ་ཐེར་འབུམ་ཆེ་མོ་གཉིས་དང་ཐེར་འབུམ་དྲུག་ཏུ་འཕར་རྒྱུ་ཡིན་ལུགས་བཀོད་འདུག
གོང་ཞུས་ཐེབས་རྩ་ཁང་དེའི་འགན་འཛིན་སྐུ་ཞབས་རེ་ནཱ་ཊི བྷར་ལགས་ཀྱིས། འཛམ་གླིང་ཧྲིལ་བོར་མཚན་མའི་ཤེས་བྱའི་གོ་རྟོགས་སེལ་བ་དང་འཆར་ལྡན་བུ་སྐྱེས་སོགས་ཀྱིས་སྐྱེ་ཚད་ཇེ་དམའ་རུ་གཏོང་རྒྱུར་རབ་འདེགས་བྱས་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ། ལོ་རེ་རེར་བུད་མེད་བྱེ་བ་བདུན་དང་ས་ཡ་བཞི་ལ་མ་བསམ་ས་ནས་མངལ་ཆགས་ཀྱིན་ཡོད། དེ་ལྟར་དུ་བཤད་ན། འཆར་ལྡན་བུ་སྐྱེས་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཕན་པའི་ཐབས་ལམ་ཞིག་ཡིན་པ་དང་ཆབས་ཅིག དབུལ་ཕོངས་ཇེ་ཉུང་དུ་འགྲོ་བྱད་ཀྱི་ཐབས་ལམ་ཞིག་ཀྱང་རེད། ཅེས་བརྗོད་འདུག
འོན་ཀྱང་། རྒྱ་ནག་གི་འཆར་ལྡན་བུད་སྐྱེའི་སྲིད་ཇུས་ལ་རྒྱ་རིགས་གཙོ་བོར་གྱུར་བའི་འཛམ་གླིང་གི་གཞུང་དམངས་གཉིས་ཀས་སྐྱོན་བརྗོད་བྱེད་ཀྱིན་ཡོད།
འཛམ་གླིང་མི་འབོར་ཐེབས་རྩ་ཁང་གིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོད་དཔག་གྲངས་ཀ་ལས་གསལ་བ་ཞིག་ནི། ༢༡༠༠ ལོར་སོན་དུས། འཛམ་གླིང་འགྲོ་བ་མིའི་ཚེ་ཚད་དེ ༨༣ ལ་སོན་རྒྱུ་དང་། ད་ལྟའི་ཚེ་ཚད་ནི ༧༣ ཡིན། དུས་དེ་རིང་འཛམ་གླིང་ཧྲིལ་བོ་ན་ལོ་ན ༥༩འི་ཡན་གྱི་མི་དུང་ཕྱུར་དགུ་ཡོད་པ་དང་། ༢༡༠༠ ལོར་གྲངས་ཀ་དེ་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་དུ་འཕར་རྒྱུ་རེད། ཞེས་ཚོད་དཔག་བྱས་འདུག
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་ཚོད་དཔག་གཞི་གྲངས་འདི་དང་མཉམ་དུ་བསམ་གཞིག་གཏོང་དགོས་ས་ཞིག་ནི། རང་རེའི་གངས་ཅན་པ་བོད་ཀྱི་མི་འབོར་དེ་འབྱུང་འགྱུར་གྱི་དུས་ཡུན་ནང་འཕེལ་རྒྱུ་རེད་དམ་འགྲིབ་རྒྱུ་རེད། འདས་པའི་དུས་རབས་འགའི་བོད་ཀྱི་མི་འབོར་འཕེལ་འགྲིབ་ཀྱི་གནས་སྟངས་ལ་གཞིགས་ན། བོད་ཀྱི་མི་འབོར་འཕར་མེད་པ་མ་ཟད། ད་དུང་མར་ཆག་གིན་ཡོད། དེ་ལ་སྤྱི་ཚོགས་དང་། རིག་གནས། དུས་ཟིང་སོགས་ཀྱི་རྐྱེན་ཡོད་པ་བདེན་མོད། དེང་གི་ཚན་རིག་དར་རྒྱས་ཆེ་ཞིང་། ལྷག་པར་དུ་གསོ་རིགས་ཤིན་ཏུ་ནས་དར་རྒྱས་ཆེ་བའི་དུས་རབས་འདིར། བོད་ཀྱི་མི་གྲངས་ད་དུང་ཡང་འཕར་མི་ཐུབ་པའི་རྒྱུ་རྐྱེན་དེ་གང་ལ་ཐུག་ཡོད་དམ།
ཕྱི་ལོ ༡༩༥༩ ལོར ༧སྤྱིར་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཉམ་དུ་བོད་མི་འབུམ་གཅིག་མ་ཟིན་ཙམ་ཞིག་བཙལ་བྱོལ་ལ་ཕེབས་པ་རེད། དེ་ནས་ལོ་ངོ ༥༠ རྗེས་སུ་རང་གཞུང་གི་མི་འབོར་ཞིབ་བཤེར་ལས་གསལ་བ་ཞིག་ནི། བཙན་བྱོལ་ཁྲོད་ཁྱོན་བསྡོམས་པའི་བོད་མི་འབུམ་གཅིག་དང་ཁྲི་གཉིས་ལྷག་ལས་མེད་པ་དང་། གྲངས་ཀ་དེའི་ནང་གསར་འབྱོར་བ་ཉུང་མཐའ་ཡང་ཁྲི་གསུམ་ཡོད་རྒྱུ་རེད། དེ་ལྟར་བརྩིས་ན། བཙན་བྱོལ་བོད་མིའི་མི་འབོར་འཕར་རྒྱུ་ལས་ལྡོག་སྟེ་ཇེ་ཉུང་དུ་སོང་ཡོད་པ་ཤེས་ཐུབ།
བོད་ཀྱི་མི་འབོར་འཕེལ་མི་ཐུབ་པའི་གནད་དོན་དེ་ནི་མགོ་ནག་བོད་པ་རེ་རེས་བསམ་བློ་གཏོང་དགོས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད་སྙམ་མོ།།