ཨ་རིས་རྒྱ་ནག་ལ་འཁོན་ལན་སློག་རྒྱུ་རེད། 



20130903003543_99866
འཐེབ་གཞོང་གི་དམག་འཁྲུག

རྒྱ་ནག་གཞུང་དམག་གཉིས་ཀས་ཚད་བཀག་མེད་པར་གཞི་རྒྱ་ཆེན་པོས་ཨ་རིའི་གཞུང་སྒེར་གཉིས་ཀའི་དྲྭ་རྒྱར་འཇབ་རྒོལ་བྱས་པར་ཨ་མེ་རི་ཀས་འཁོན་ལན་སློག་རྒྱུར་བློ་ཐག་བཅད་འདུག

དེ་ཡང་ཨ་རིའི་སྙན་གྲགས་ཆེ་བའི༼ ནིའུ་ཡོག་དུས་བབ༽ ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གཞུང་དམག་གཉིས་ཀས་ཚད་བཀག་མེད་པར་གཞི་རྒྱ་ཆེན་པོས་ཨ་རིའི་གཞུང་དང་། དམག་ཁུལ། བདེ་སྲུང་ལས་རིགས། ཁེ་གཉེར་ཚོང་ལས། མི་སྒེར་སོགས་ཀྱི་དྲྭ་རྒྱར་གང་བྱུང་འཇབ་རྒོལ་བྱེས་ཏེ་གསང་བ་ཡིན་མིན་གཉིས་ཀ་བསྟུད་མར་རྐུ་འཁྱེར་བྱས་པར་བརྟེན། ཨོ་བྷ་མ་གཞུང་གིས་དགོས་ངེས་ཅན་གྱིས་འཁོན་ལན་སློག་རྒྱུ་རེད། ཡིན་ན་ཡང་། འཁོན་ལན་སློག་ཤུགས་ཆེ་ཆུང་དང་གཞི་རྒྱར་བཏང་འཛིན་བྱེད་ཕྱོགས་ཐད་གཅིག་གྱུར་གྱི་ཚད་གཞི་ཞིག་ད་དུང་གཏན་འབེབ་བྱས་མེད་པ་དང་། ཨ་རི་གཞུང་གིས་རྒྱ་ནག་གཞུང་དམག་གཉིས་ཀས་མུ་མཐུད་ནས་དྲྭ་རྒྱར་འཇབ་རྒོལ་བྱེད་རྒྱུའི་ལས་གཞི་མཚམས་གཅོད་རྒྱུའི་དམིགས་ཡུལ་དེ་འགྲུབ་ཐུབ་པ་ཞིག་དང་། ཡང་དེ་དང་ཆབས་ཅིག་དྲྭ་རྒྱའི་འགལ་ཟླ་ཇེ་ཆེར་མི་འགྲོ་བ་ཞིག་སྟེ་རྟ་ལ་འཇམ་པ་དང་སྒ་ལ་བཟོ་བའི་གཅིག་བསྒྲུབས་གཉིས་ཕན་གྱི་ཐབས་ལམ་ཞིག་འཚོལ་གྲུབ་བྱེད་ཀྱིན་པ་འདྲ།

གནས་ཚུལ་ལྟར་ན། ཨོ་བྷ་མ་གཞུང་གིས་གསང་བའི་ཚོགས་འདུ་རབ་དང་རིམ་པ་བསྐོངས་ནས་ཕྲ་ཞིང་ཞིབ་པའི་ཞིབ་འཇུག་དང་ལྷུག་པོར་བརྗོད་པའི་བགྲོ་གླེང་བརྒྱུད། མཐར་ཐུན་མོང་གི་ལྟ་ཚུལ་ཞིག་བྱུང་བ་ནི། རྒྱ་ནག་གཞུང་དམག་གཉིས་ཀས་བརྩམས་པའི་དྲྭ་རྒྱར་འཇབ་རྒོལ་གྱི་ལས་གཞི་དེ་གཞི་རྒྱ་ཆེ་ཞིང་ནུས་ཤུགས་ཆེ་བས། སྲོལ་རྒྱུན་གྱི་གསང་མྱུལ་ལ་རྒོལ་བའི་ཐབས་ལམ་གྱིས་ཁ་གཏད་མི་ཆོག་པ་དེ་རེད།

འོན་ཀྱང་། ཚོགས་ཞུགས་དཔོན་རིགས་ཚོས་འཁོན་ལན་སློག་པའི་དམ་ལྷོད་ཚད་གཞི་དེ་ག་འདྲ་ཞིག་འཛིན་དགོས་མིན་མི་ཤེས་ཤིང་། གལ་ཏེ་ཕྱི་འབྲེལ་ངོ་རྒོལ་ཙམ་གླེང་བ་དང་ཡང་ན་ཨ་རི་ན་ཡོད་པའི་རྒྱ་ནག་གི་གསང་མྱུལ་བ་འགའ་ཕྱིར་ཕུད་བཏང་ཚེ། དེ་ནི་མཚོད་བྱེད་ཀྱི་རྣམ་པ་ཙམ་ཡིན་པས་དོན་ངོ་མའི་དོན་སྙིང་ཆེར་མི་ལྡན། ཡང་གལ་ཏེ་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ལ་བརྟེན་ཚེ། ཡང་དེའི་སྟབས་ཀྱིས་ཨ་རི་དང་རྒྱ་ནག་བར་དྲྭ་རྒྱའི་འགལ་ཟླའི་རིམ་པ་ཇེ་མཐོར་འགྲོ་སྲིད་པར་དཔོན་རིགས་སྐོར་ཞིག་ལ་བློ་འཚབ་ཡོད་པ་རེད།

བགྲོ་གླེང་གནས་ཚུལ་ལ་རྒྱུས་མངའ་ཆེ་བའི་འབྲེལ་ཡོད་དཔོན་རིགས་གཉིས་ཀྱིས། གསར་གཏོད་རིང་བཞིན་དང་ལྡན་པའི་འཁོན་ལན་སློག་པའི་ཐབས་ལམ་ཞིག་ནི། བློ་ཐབས་གང་དྲག་ཅི་དྲག་བཀོལ་ནས་རྒྱ་ནག་གཞུང་གི་བསམ་བློ་ཐ་དད་པའི་སྐད་ངག་འགོག་བྱད་འགོག་སྲུང་རྩིག་གྱང་ཟེར་བ་གཏོར་རྒྱུ་དེ་རེད།  གལ་སྲིད་རྒྱ་ནག་གཞུང་དམག་གཉིས་ཀས་ད་དུང་ཡང་ཨ་རིའི་དྲྭ་རྒྱར་འཇབ་རྒོལ་གྱི་ལས་འཆར་རིགས་མཚམས་མི་འཇོག་ན། ཁོང་ཚོའི་རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་སྨྲ་བརྗོད་ཐད་ཀྱི་བལྟོས་མེད་ཀྱི་བཏང་འཛིན་དེ་གཏོར་ནུས་པ་དང་གཏོར་ཡང་ཐུབ་པ་རྒྱ་གཞུང་ལ་ཤེས་པར་འཇུག་རྒྱུ་དེ་ཡིན་ཟེར།

ཉེ་ལམ་ཨ་རིའི་མི་དོན་དོ་དམ་ཁང་གི་དྲྭ་རྒྱར་འཇབ་རྒོལ་ཐེབས་ནས་ལས་བྱེད་པ་བྱེ་བ་གཉིས་ལྷག་གི་ཡིག་ཆ་རྐུན་ལ་ཤོར་བ་རེད། ཡིན་ན་ཡང་། ཨོ་བྷ་མ་གཞུང་གིས་འཇབ་རྒོལ་རྐུན་མ་རྒྱ་ནག་ཡིན་པ་ཤེས་བཞིན་དུ་མིང་བཏོན་མེད།

ཨ་རིའི་གསང་བའི་ལས་བྱེད་སི་ནོ་ཌེན་གྱིས་ཨ་རིའི་གསང་བ་མོད་པོ་ཞིག་ཕྱིར་བཏོན་པའི་རྗེས་སུ། རྒྱ་ནག་གཞུང་དང་དམག་གིས་ཨ་རིའི་དྲྭ་རྒྱར་འཇབ་རྒོལ་གྱི་བྱ་འགུལ་ཇེ་མང་དུ་སོང་བའི་མ་ཚད། གསང་བ་མང་པོ་ཞིག་རྐུ་ཡང་ཐུབ་ཡོད་པར་གཞིགས་ན། སི་ཁོ་ཌེན་ཨུ་རུ་སུར་རྩིས་མ་སྤྲད་གོང་ཧོང་ཀོང་དུ་ཟླ་འགར་བསྡད་པའི་རིང་། རྒྱ་ནག་གིས་སི་ནོ་ཌེན་གྱི་ལག་ནས་ཨ་རིའི་གསང་བ་དག་ལོན་ཡོད་པར་ཡིད་ཆེས་བྱས་ཆོག

ཨ་རི་ལ་མཚོན་ན་ལག་རྩལ་གྱི་ཆ་ནས་ཨ་རི་ལ་དོ་ཡ་ཞིག་ད་དུང་མེད་མོད། ཀུན་སྤྱོད་ཀྱི་ཆ་ནས་བཤད་ན། གསང་མྱུལ་གྱི་ལས་ཡིན་ཡང་དེ་ལ་མ་མཐའི་ཚད་ཐིག་ཅིག་ཡོད་པས། དཔེར་ན་ཚོང་ལས་གསང་བ་། མི་སྒེར་གྱི་གསང་བ་སོགས་བླངས་མི་ཆོག་ལ། དེ་མིན་དྲྭ་རྒྱའི་གསང་བའི་ལས་དོན་ཐད་ཁྲིམས་ལུགས་ཤིག་གཏན་འབེབ་བྱས་མེད་སྟབས། ད་བར་དུ་རང་སྲུང་ལས་ཕར་རྒོལ་གྱི་ལས་ལ་ཞུགས་མེད། ཡིན་ན་ཡང་། འདས་པའི་ལོ་ཤས་སུ་རྒྱ་ནག་གི་བྱེད་སྟངས་ཀྱིས་ཨ་རི་ཡང་ཐབས་ཟད་ཨུ་ཐུག་ནས་རྒྱ་ནག་ལ་མདོག་ཅིག་སྟོན་དགོས་པར་ཐུག་པ་རེད། རྒྱ་ནག་ལ་མཚོན་ན་སྐྲག་ས་འཇིགས་ས། སྲུང་དགོས་པ་སོགས་ཅི་ཡང་མེད་པར་རྐུ་ཐུབ་ཐུབ་ཚང་མ་བླངས་ཆོག་ཆོག་བྱས་དང་བྱེད་ཀྱིན་ཡོད། དེ་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་དང་མིས་སྐྱོང་བའི་རྒྱལ་ཁབ་ཀྱི་ཁྱད་པར་ཡིན།