ཨོ་རྩལ་བསྐོང་མཁན་ནི་དབང་ཆ་གཅིག་བསྡུས་སྲིད་དབང་ཁོ་ནར་གྱུར་གྱིན་ཡོད།

2AFD073900000578-3181109-image-a-34_1438338849104
རྒྱ་ནག་གི ༢༠༢༢ ལོའི་དགུན་ཁའི་ཨོ་ལམ་ཕེ་ཁི་ལས་རྩལ་འགྲན་ཚོགས་ཀྱི་མཚོན་རྟགས།

ཕྱི་ལོ ༢༠༠༨ ལོའི་དབྱར་ཀའི་ཨོ་རྩལ་དེ་རྒྱ་ནག་པེ་ཅིང་དུ་འཚོགས་པ་རེད། ༢༠༢༢ ལོའི་དགུན་ཁའི་ཨོ་རྩལ་ཡང་པེ་ཅིང་དུ་བསྐོང་རྒྱུ་རེད།  རྒྱལ་སྤྱིའི་སྨྱན་བྱད་ཁག་གིས་གནས་ཚུལ་དེ་སྤེལ་གཏོང་སྐབས། པེ་ཅིང་ནི་དབྱར་དགུན་གཉིས་ཀའི་ཨོ་རྩལ་བསྐོང་པའི་གྲོང་ཁྱེར་ཁོ་ན་རུ་གྱུར་ཡོད་པའི་སྐོར་གླེང་ཡོད་པའི་མ་ཚད།  དེ་དང་མཉམ་དུ་གནས་ཚུལ་གཞན་ཞིག་ཀྱང་གླེང་ཡོད་ལ། དེ་ནི། རྒྱལ་ཁབ་གང་དག་ཨོ་རྩལ་བསྐོང་རྒྱུར་དགའ་བ་དང་ཡང་གང་དག་ལ་ཐོབ་ཀྱིན་ཡོད་པ་གླེང་འདུག
༼ཝ་ཞིན་ཊིན་བང་ཆེན༽གྱིས་གནས་ཚུལ་དེའི་སྐོར་འདི་ལྟར་བཀོད་འདུག མི་མངོན་པའི་རྒྱལ་ཁབ་དང་གྲོང་ཁྱེར་མང་པོ་ཨོ་རྩལ་བསྐོང་རྒྱུའི་རྟིང་རྩོད་བྱ་འགུལ་ལས་རང་འགུལ་ངང་འབུད་དོན་ནི། ལོ་སྔོན་མར་ཨུ་རུ་སུ་ཡི་སཱོ་ཆེ་གྲོང་ཁྱེར་དུ་བསྐོངས་པའི་དགུན་ཁའི་ཨོ་རྩལ་གྱི་འགྲོ་གྲོན་ལ་ཨ་སྒོར་དུང་ཕྱུར ༤༠༠ སོང་ཡོད་པས། རིན་དོད་དེས་མི་རྣམས་འདྲོག་ནས་རྒྱང་དུ་བཀྱེད་དུ་བཅུག་ཡོད།

ཉེ་ལམ། ཨ་རིའི་ཤར་རྒྱུད་གྲོང་ཁྱེར་བྷོ་སི་ཊིན་གྱིས ༢༠༢༤ ལོའི་ཨོ་རྩལ་བསྐོང་རྒྱུ་བློས་བཏང་ཡོད་པ་རེད། དེ་ནི་གཙོ་བོ་ས་གནས་དཔྱ་ཁྲལ་འབུལ་མཁན་མང་ཚོགས་ཀྱིས་སྒོར་མོ་ཨོ་རྩལ་ཆེད་གཏོང་རྒྱུར་མོས་མཐུན་མེད་པས་ཡིན་ཞིང་། ངོ་རྒོལ་བས་གལ་ཏེ་ཁྱེད་ཚོས་མཐའ་གཅིག་ཏུ་ཨོ་རྩལ་བསྐོང་རྒྱུ་ཡིན་ཟེར་ན། ང་ཚོས་གྲོང་ཁྱེར་མི་མང་ཁྲོད་སྤྱི་མོའི་འོས་བསྡུ་ཞིག་སྤེལ་ནས་གྲོང་ཁྱེར་འདིའི་མི་མང་ག་ཚོད་ཅིག་གིས་སྒོར་མོ་ཕྱིན་ནས་ཨོ་རྩལ་བསྐོང་འདོད་ཡོད་པ་བལྟས་ཆོག ཅེས་ཨོ་རྩལ་བསྐོང་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ལབ་ཡོད། མཐའ་མའི་མཇུག་འབྲས་ནི། བྷོ་སི་ཊིན་གྲོང་ཁྱེར་གཞུང་གིས་མི་མང་གི་འདོད་བློ་ལྟར ༢༠༢༤ ལོར་ཨོ་རྩལ་བསྐོར་རྒྱུའི་འཆར་གཞི་བློས་བཏང་ཡོད་པ་རེད།

དེ་ལྟ་ན། ༼ཝ་ཞིན་ཊིན་བང་ཆེན༽གྱི་དཔྱད་བརྗོད་ནང་། ཨོ་རྩལ་དེ་རིམ་གྱིས་དཔྱ་ཁྲལ་འབུལ་མཁན་མི་དམངས་ཀྱི་འདོད་བློར་ཁ་ཡ་བྱེད་མི་དགོས་པའི་དབང་ཆ་གཅིག་བསྡུས་སྲིད་གཞུང་དག་གི་དགའ་ཕྱོགས་དང་བྱ་སྤྱོད་ཅིག་ཏུ་གྱུར་གྱིན་ཡོད། ཅེས་བཀོད་འདུག

ཨ་རིའི་ཨོ་རྩལ་མཐུན་ཚོགས་ཀྱིས་རྒྱལ་ས་ཝ་ཞིན་ཊིན་དང་། སན་ཧྥི་རན་སེ་སི་ཁོ། ལོ་སི་ཨན་རྗི་ལེ་སི་སོགས་གྲོང་ཁྱེར་ཁག་བཞག་ནས། གྲོང་ཁྱེར་བྷོ་སི་ཊིན་གྱིས་ཨ་རིའི་ཚབ་བྱས་ཏེ ༢༠༢༤ ལོའི་དབྱར་ཀའི་ཨོ་རྩལ་རྟིང་རྩོད་བྱ་འགུལ་ནང་ཞུགས་རྒྱུའི་རེ་བ་བཅངས་ཡོད་མོད། བྷོ་སི་ཊིན་མི་དམངས་ཀྱིས་དེར་འདོད་བློ་མེད་པས་གྲོང་ཁྱེར་གཞུང་གིས་ཀྱང་བློས་མི་གཏོང་ཁ་མེད་ལས་ལ་ཐུག་དུས། ཨ་རིའི་ཨོ་རྩལ་མཐུན་ཚོགས་ཀྱིས་བམས་བློ་ཡང་བསྐྱར་མི་གཏོང་རང་གཏོང་ཆགས་ཡོད།
བྷོ་སི་ཊིན་གྲོང་ཁྱེར་ཨོ་རྩལ་རྟིང་རྩོད་ཀྱི་གར་སྟེགས་ནས་མར་བབ་པའི་ཐག་གཅོད་དེ་ལ་མི་མང་པོ་ཞིག་གིས་ཡང་དག་པའི་ཐག་གཅོད་ཅིག་ལ་ངོས་འཛིན་བྱས་ཡོད། ༼ཝ་ཞིན་ཊིན་བང་ཆེན༽གྱི་གནས་ཚུལ་དེ་སྤེལ་དུས། ས་གནས་མི་མང་པོ་ཞིག་གིས་གལ་ཏེ་ཨོ་རྩལ་བསྐོང་བ་ཡིན་ཚེ་གྲོང་ཁྱེར་ཧྲིལ་བོའི་ནུས་ཤུགས་དང་ཐོན་ཁུངས། བསམ་བློ་སོགས་ཡོད་ཚད་ཨོ་རྩལ་གྲ་སྒྲིག་ཆེད་གཏོང་དགོས། ཡིན་ན་ཡང་གྲོང་ཁྱེར་འདི་ལ་དོ་སྣང་བྱེད་དགོས་པའི་ཐུན་མོང་གི་གནད་དོན་མང་པོ་ཞིག་ཡོད་ཅིང་། དཔེར་ན། ས་འོག་ལྕགས་ལམ་དང་། སྡོད་ཁང་གི་གནད་དོན། སློབ་གསོའི་གནད་དོན་སོགས། གལ་ཏེ་ཨོ་རྩལ་ཆེད་གྲོང་ཁྱེར་ཐུན་མོང་གི་གནད་དོན་འདིའི་རིགས་ཕྱིར་འགྱངས་བྱེད་དགོས་པས། མི་དམངས་མང་ཚོགས་ཀྱིས་ཐུན་མོང་རྨང་གཞིའི་སྒྲིག་གཞིའི་ཐད་དོ་ཁུར་མང་པོ་བྱས་འདུག ཅེས་འགྲེལ་བཤད་བྱས་འདུག

ཡང་ཨོ་རྩལ་བསྐོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཚོས། ཨོ་རྩལ་བསྐོང་བའི་བཟང་ཆ་ཞིག་ནི། གྲོང་ཁྱེར་གཞུང་གིས་ད་གོང་ནས་བརྗོད་པའི་རྨང་གཞིའི་སྒྲིག་གཞི་ཡི་གནད་དོན་དེ་དག་ལ་དོ་སྣང་མི་བྱེད་རང་བྱེད་ཆགས་ནས་གང་མགྱོགས་ཀྱིས་ཐག་གཅོད་བྱེད་ངེས་རེད་ཟེར། ཡིན་ན་ཡང་། ངོ་བརྒལ་བ་ཚོས། གལ་ཏེ་གྲོང་ཁྱེར་འདི་ལ་དངོས་གནས་དེ་ལྟ་བུའི་ལེགས་བསྒྱུར་མཛེས་བཟོ་བྱེད་དགོས་ན། ལོ་བཅུ་ཡི་རྗེས་ལ་རེ་སྒུག་བྱེད་དོན་ཅི་ཞིག་ཡིན་ནམ། ད་ལྟ་ནས་ལག་པ་འགུལ་ན་མ་འགྲིག་པ་ཅི་ཞིག་ཡོད་དམ། ཞེས་དོགས་འདྲི་བྱས་འདུག
དེ་བཞིན་དུ་མི་སྐོར་ཞིག་གིས། ས་འོག་ལྕགས་ལམ་དུས་ཚོག་ལྟར་འགྲོ་འོང་བྱེད་ཐུབ་ཀྱིན་མེད་པའི་སྐབས་འདི་ནི། ཨོ་རྩལ་ལ་དོ་སྣང་བྱེད་པའི་དུས་མ་རེད། ད་ལྟ་གྲོང་ཁྱེར་ཧྲིལ་བོ་ལེགས་བསྒྱུར་མཛེས་བཟོ་བྱེད་རྒྱུ་ཡིན་ལུགས་བཤད་ཀྱིན་ཡོད་ཀྱང་། དེ་དུས་བློ་སྒོ་ཡོད་ཚད་རྗེས་ཕྱོགས་སུ་དགོས་ས་མཁོ་ས་ཆེར་མེད་པའི་ལས་རྩལ་ར་བ་དག་ལ་གཏད་ཡོད་ཀྱང་སྲིད་ལ། མི་མང་ལ་དོན་དམ་པའི་ཁེ་ཕན་ཞིག་ཡོད་མེད་བཤད་དཀའ། དེའི་མ་ཚད་མི་མང་གིས་དོན་མེད་ཨོ་རྩལ་གྱི་བུ་ལོན་མི་ཐེག་པ་ཞིག་འཁུར་དགོས་པར་ཐུག་མི་སྲིད་པ་གཏན་ནས་མིན། ཞེས་སོགས་དོགས་བློ་བཅངས་འདུག

སྨྱན་བྱད་ཁག་གི་གནས་ཚུལ་ལ་གཞིགས་ན། གྲོང་ཁྱེར་བྷོ་སི་ཊིན་གྱི་མི་དམངས་གང་མང་མང་ཞིག་ཨོ་རྩལ་བསྐོང་མིན་གྱི་བགྲོ་གླེང་ནང་མཉམ་ཞུགས་གནང་ནས་མི་མང་དྲགས་པའི་དཀའ་ངལ་ལ་ཐུག་པ་མ་ཟད། ནང་ཞུགས་མཁན་མི་དམངས་ཕལ་མོ་ཆེས་ཅུང་གུ་དོག་ཕན་མེད་ཀྱི་བསམ་བློ། ཡང་ན་བློ་དོགས་ཤིག་གི་ངང་གནས་ཡོད་པ་འདྲ།

རྒྱ་ནག་གི་རྒྱལ་ས་པེ་ཅིང་གིས་ལོ་བཅུའི་རྗེས་སུ་ཡང་བསྐྱར་ཨོ་རྩལ་ཞིག་བསྐོང་ཚོགས་གནང་རྒྱུ་གཏན་ཁེལ་ཡང་།  རྒྱ་ནག་ནང་གི་མང་ཚོགས་ཁྲོད་དེ་ལ་དོགས་པ་ཡོད་མཁན་ཡོད་པ་གདོན་མི་ཟ། ཡིན་ན་ཡང་། རྒྱལ་གཅེས་ཟེར་བ་དང་། མི་རིགས་རིང་ལུགས་ཀྱིས་ཁ་ཕྱོགས་བསྒྱུར་བའི་སྤྱི་ཚོགས་ཞིག་ན་ངོ་རྒོལ་བྱེད་ས་རྩ་བ་ནས་མེད་པ་གསལ་བོ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད། རྒྱ་ནག་གི་སྤྱིའི་མི་རིག་ཁོར་ཡུག་ལ་དོ་ཁུར་བྱེད་པའི་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་མང་པོ་ཞིག་ཡོད་པའི་ཁྲོད། དཔེར་ན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་ཡ རེ་ཆ་ཌི་སོན་ལགས་ཀྱིས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱི་ཐག་གཅོད་དེར་སྐྱོན་བརྗོད་དྲག་པོ་བྱས་འདུག ཁོང་མོས་བཤད་རྒྱུར། ཨོ་རྩལ་ལྷན་ཚོགས་ཀྱི་ཐག་གཅོད་དེས་རྒྱ་ནག་ནང་དྲག་གནོན་བྱས་དང་བྱེད་ཀྱིན་པའི་ཐོབ་ཐང་སྲུང་སྐྱོབ་མཁན་དེ་དག་ལ་བརྩི་བཀུར་མ་བྱས་པ་ཤར་སྟག་རེད། ལྷག་དོན་དུ་ཆེས་མཐོ་བ། ཆེས་མགྱོགས་པ། ཆེས་དྲག་ཀྱང་ཤེད་ཆེ་བ་ཞེས་པའི་ཨོ་རྩལ་གྱི་ཁ་གཡང་དེ། དོན་དངོས་སུ་རྒྱ་ནག་གཞུང་གི་རང་གི་མི་དམངས་ལ་དྲག་གནོན་བྱེད་ཀྱིན་པའི་དྲག་སྤྱོད་དེ་ཡང་དག་པར་མཚོན་ཡོད། ཅེས་སྐྱོན་བརྗོད་བྱས་འདུག

Advertisements