དམག་གང་ཉུང་འཕྲི། དམག་གང་རྒྱ་སྐྱེད།

201509031508285886688
རྒྱ་ནག་གིས་དགུ་གསུམ་དམག་ཤོམ་སྐབས་ངོམ་པའི་མེ་ཤུགས་འཕུར་མདའ།

རྒྱ་རིགས་ཚོར“སྔ་དྲོ་གསུམ་ཕྱི་དྲོ་བཞི” ཟེར་བའི་གཏམ་དཔེ་ཞིག་ཡོད། དེ་ནི་རྒྱ་ནག་གི་ལོ་རྒྱུས་སུ་ཀྲན་རྒྱལ་རབས་དུས་སུ་སྤྲེའུ་གསོ་མཁན་རྒད་པོ་ཞིག་ཡོད་ཅིང་། སྤྲེའུ་ཡི་གསོ་ཆས་ཇེ་ཉུང་ཏུ་གཏོང་ཆེད། ཉི་མ་ཞིག་ལ་སྤྲེལ་ཚོགས་ལ། སང་ཉིན་ནས་བཟུང་ཁྱོད་ཚོའི་བཟའ་ཆས་ཀྱི་གྲངས་ཀ་ནི་སྔ་དྲོ་ཤིང་ཏོག་གསུམ་དང་ཕྱི་དྲོ་བཞི་ཡིན། ཞེས་གཏན་འབེབས་གསལ་བསྒྲགས་བྱས་དུས། སྤྲེལ་ཚོགས་རླུང་ལངས་ནས་ངོ་རྒོལ་བྱས། དེ་ནས་རྒད་པོ་དེས། དེ་ན་སྔ་དྲོ་ཤིང་ཏོག་བཞི་དང་ཕྱི་དྲོ་གསུམ་ཡིན་ཞེས་མགོ་གཞུག་བརྗེས་ནས་བཤད་པ་ན། སྤྲེའུ་རྣམས་དགའ་ནས་གྲགས་འགུལ་མེད་པར་བསྡད།

ཞི་ཅིན་ཕེང་གི“༩.༣”དམག་ཤོམ་མཛད་སྒོའི་སྟེང་རྒྱ་ནག་གིས་དམག་མི་འབུམ་གསུམ་ཉུང་འཕྲི་བྱ་རྒྱུ་ཡིན་ལུགས་ཁྱབ་བསྒྲགས་དང་སྦྲགས་རྒྱ་ནག་གིས་ཞི་བདེ་འཕེལ་རྒྱས་ལམ་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། ནམ་ཡང་བཙན་ཤེད་དབང་བསྒྱུར་མི་བྱེད། ནམ་ཡང་རྒྱ་སྐྱེད་མི་བྱེད་ཅེས་པ་དང་ཆབས་ཅིག ལག་པ་གནམ་ལ་འཕྱར་ནས་སྐད་ཆེན་པོས “ཞི་བདེ་རྒྱལ་གྱུར་ཅིག” ཅེས་བསྒྲགས་ཡོད། དེ་ཙ་ན། དམག་མི་ཉུང་འཕྲི་དེ་ཞི་བདེ་དང་རྣམ་འགྱུར་དྲང་མོའི་བརྡ་རྟགས་སུ་གྱུར། དོན་དམ་པས་དེ་ནི་འཇིག་རྟེན་རྨོངས་པར་བྱས་ཏེ་རང་མིང་གྲགས་ཐབས་ཤིག་ལས་མ་འདས་ལ། འཛམ་གླིང་མི་དམངས་སྤྲེའུ་ནང་བཞིན་རྩེད་སྤྱད་བྱས་པ་རེད།

ཨོ་སི་ཊི་རེ་ལེ་ཡའི་རྒྱལ་ཁབ་བདེ་འཇགས་སློབ་གླིང་གི་སློབ་སྤྱི་རོ་རེ མེ་ཁོལ་ཧྥ་ལགས་ཀྱིས་ཨ་རིའི༼ ནིའུ་ཡོག་དུས་བབ༽ལ་རྒྱ་ནག་གི་ཐེངས་འདིའི་དམག་མི་ཉུང་འཕྲི་དེས་མཐའ་འཁོར་ས་ཁུལ་གྱིས་རྒྱ་ནག་ལ་བཅངས་པའི་སེམས་ཁྲལ་སེལ་མི་ནུས། རྒྱུ་མཚན་ནི་ཞི་ཅིན་ཕེང་གི་དམག་མི་ཉུང་འཕྲི་ཞེས་པ་དེ་སྒྲིག་གཞིར་ལེགས་སྒྲིག་བྱས་ཏེ། ཐོན་ཁུངས་དེ་དག་དེ་བས་ཀྱང་ཡར་ཐོན་ཅན་གྱི་དམག་དཔུང་འཛུགས་སྐྲུན་ཆེད་བཀོལ་སྤྱོད་བྱ་རྒྱུ་དེ་རེད། ཅེས་གསུངས་ཡོད་པ་ནང་བཞིན་རེད།

དོན་ངོ་མའང་དེ་འདྲ་རེད་ལ། རྒྱ་ནག་དམག་དཔུང་གིས་ཀྱང་དོན་དངོས་དེ་ངོས་ལེན་བྱས་ཡོད། རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་གསར་འགོད་གསར་བསྒྲགས་ལ་གཞིགས་ན།  ཐེངས་འདིའི་དམག་མི་མི་ཉུང་འཕྲིའི་ལས་དོན་གྱི་དམིགས་འབེན་ནི་དམག་ཆས་རྙིང་པའི་དམག་དཔུང་དང་། ལས་ཁུངས། འཐབ་འཁྲུག་ཆེད་མིན་པའི་མི་སྣ་ཁུ་བསྡུ་བྱ་རྒྱུ་དང་། དམག་མི་ཉུང་འཕྲི་བརྒྱུད་དམག་གི་བོངས་ཚད་ལེགས་བསྒྱུར་བྱས་ཏེ་རྒྱ་ནག་གི་དམག་དཔུང་དེ་ཁུ་འདུས་ཤིང་ལས་གོ་འཕེར་བ། དེ་བས་ཀྱང་ཚན་རིག་ཅན་དུ་བསྒྱུར་རྒྱུ་བཅས་རེད། རྒྱལ་སྲུང་ལྷན་ཁང་གི་གསལ་བསྒྲགས་ལྟར་ན། ལས་ཁུང་ཁུ་བསྡུའི་ནང“ལྕམ་སྐུ་དང་པོ”ཕེང་ལེ་ཡོན་གྱི་རིག་རྩལ་ཟློས་གར་ཚོགས་པ་སོགས་འཐབ་འཁྲུག་མིན་པའི་དམག་དཔུང་ཐེ་ཡོད་པ་འདྲ།
རྒྱ་ནག་གི་དམག་དཔུང་བཏང་འཛིན་ཉུང་འཕྲི་ལྷན་ཚོགས་ཀྱི་འགན་འཛིན་ཞས་ཀོང་ཡས་ཀྱིས་མཚོ་དམག་ཉུང་འཕྲི་མི་བྱེད་པ་མ་ཟད། ད་ཡོད་ཀྱི་མཚོ་དམག་འབུམ་གཉིས་དེ་འབུམ་ལྔ་རུ་ཇེ་མང་དུ་གཏོང་རྒྱུ་ཡིན་ཞེས་གསར་འགྱུར་སྨྱན་བྱད་ཁག་ལ་བརྗོད་འདུག

འདི་ཙམ་མཐོང་བས་ད་དུང་མི་འདང་། དོན་དག་གལ་ཆེ་ཤོས་དེ་ཉུང་འཕྲི་བྱས་པའི་དམག་མི་དེ་དག་འགྲོ་ས་གང་ཡིན་པ་དེ་རེད། གོང་ཞུས་ཞས་ཀོང་ཡས་ཟེར་བས་བཤད་སྟངས་ལ་གཞིགས་ན། ཉུང་འཕྲི་བྱས་པའི་དམག་མིའི་ཁྲོད་ཀྱི་གྲངས་ཀ་ངེས་ཅན་ཞིག་དྲག་ཆས་ཉེན་རྟོག་དམག་མི་རྒྱ་སྐྱེད་ཆེད་བཀོལ་རྒྱུ་རེད།

“ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང”ཟེར་བ་དེ་ཚད་ལྡན་དམག་དཔུང་ཞིག་རེད་དམ་ཟེར་ན། གལ་ཏེ་དམག་དཔུང་གི་མཚན་ཉིད་ལ་དབུས་དམག་ཁུལ་གྱི་འགོ་ཁྲིད་པའི་དྲག་ཆས་སྟོབས་ཤུགས་ཤིག་ལ་བཞག་ཚེ། དེ་དམག་དཔུང་ཞིག་ཡིན་དང་ཡིན། ཡིན་ན་ཡང་། དམག་དཔུང་དང་མི་མཐུན་པ་ནི། དྲག་ཆས་ཉེན་རྟོག་དམག་དཔུང་ཟེར་བའི་སྒྲིག་ཁོངས་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་ལ་གཏོགས་པ་རེད་། སྤྱི་བདེ་པུའུ་ཡི་བཀོད་འདོམས་ལའང་ཉན་དགོས་པ་རེད། མི་ལ་ལས་ཚད་ལྡན་དམག་དཔུང་ཕྱི་དང་དྲག་ཆས་ཉེན་རྟོག་དམག་དཔུང་ནང་ཟེར། ཁོང་ཚོས་བརྗེད་ཡོད་སྲིད་ཀྱིན་མ་རེད། ཕྱི་ལོ ༡༩༨༩ ལོར། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་དམག་དཔུང་གང་ཡོང་བ་རེད། དམག་དཔུང་གང་གིས་དམངས་གཙོའི་དགོས་འདུན་བཏོན་མཁན་སློབ་མར་ཁྲག་དམར་འཛར་འཛར་གྱི་དྲག་གནོན་བྱས་པ་རེད་དམ། དེའི་མི་ཚད་ད་དུང་ཡང་། ཞས་ཀོང་ཡས་ཟེར་བ་དེས་འགྲེལ་བརྗོད་ལྟར་ན། དྲག་ཆས་ཉེན་རྟོག་དམག་གིས་ནམ་རྒྱུན་རྒྱལ་ཁབ་ཀྱི་མངའ་ཁོངས་ལ་ཉེན་ཟོན་དང་། འཐབ་འཁྲུག་སྐབས་ཚད་ལྡན་དམག་དཔུང་ལ་ཁ་སྐོང་བྱེད་རྒྱུ་ཟེར། དེ་ནི་ཚད་ལྡན་དམག་དཔུང་གི་ལས་བྱ་མ་རེད་དམ།
དེ་སྔོན་བྱང་ཀོ་རེ་ཡའམ་ཁྲོ་ཞན་དམག་འཁྲུག་ནང་ཞུགས་པའི“ཀྲུང་གོ་མི་དམངས་དཔུང་རོགས་དམག”ནང་བཞིན། དེ་ནི་དྲག་ཆས་དང་བླངས་དམག་མིན་ལ། དེ་ནི་ཚད་ལྡན་དམག་དཔུང་ཡིན་པ་ཚང་མས་ཤེས་པ་དེ་བཞིན་དུ། རྒྱ་ནག་གི་དམག་དཔུང་ལ་དུས་ནམ་ཡིན་ཡང་ཕྱི་ནང་གི་དབྱེ་བ་མེད་མར་དམག་དམངས་མཉམ་བསྲེས་ཡིན། གལ་སྲིད་དམག་མི་འབུམ་གསུམ་དྲག་ཆས་ཉེན་རྟོག་དམག་མིར་བསྒྱུར་ཚེ། དེ་ལ་དམག་དཔུང་ཉུང་འཕྲི་ཟེར་རམ།

ཡིན་ན་ཡང་། རྒྱ་ནག་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཚོའི་སེམས་ཁྲལ་དེ་དགོས་ངེས་ཞིག་ཡིན་མིན་བཤད་དཀའ། རྒྱ་ནག་གི་དུས་རྒྱུན་དུ་ངར་ངར་རྫིག་རྫིག་གིས་དམག་རྒྱལ་རིང་ལུགས་ཀྱིས་དྲིལ་བསྒྲགས་བྱས་དང་བྱེད་ཀྱིན་ཡོད་མོད། རྒྱ་ནག་གི་དམག་དཔུང་ཡོད་ཚད་ཧ་ཅང་ཚབས་ཆེ་བའི་རུལ་སུངས་ཀྱིས་ཟིན་ཡོད་པས། ཕྱི་ཕྱོགས་སུ་དམག་འཁྲུག་སློང་མི་ནུས། དེ་བས། རྒྱ་ནག་ལ་ཁ་ཕྱི་རུ་ཕྱོགས་པའི་དམག་དཔུང་དེ་འདྲ་འབོར་ཆེན་དགོས་དོན་མེད། “དྲུག་བཞི”ཡི་རྗེས་སུ། རྒྱ་ནག་པ་མང་ཆེ་བས་ཤེས་གསལ་རེད། རྒྱ་ནག་གི་དམག་དཔུང་གི་ནུས་མ་ངོ་མ་ནི་མངའ་ཁུལ་སྲུང་སྐྱོབ་མིན་ལ། མི་དམངས་ལ་དྲག་གནོན་བྱེད་རྒྱུ་དང་། དམར་ཤོག་སྲིད་དབང་སྲུང་སྐྱོབ་བྱེད་རྒྱུ་བཅས་ཡིན། རྒྱ་ནག་དམར་པོའི་གཞུང་གིས་ཀྱང་དེ་མངོན་སུམ་འཛེམ་མེད་དུ་གླེང་ནས། རྒྱལ་ཁབ་ནང་ཁུལ་གྱི་ངོ་རྒོལ་བའི་སྡེ་ལ་གསལ་གསལ་རྗེན་རྗེན་ངང་འཇིགས་སྣང་སྐུལ་གྱིན་ཡོད།

གང་ནས་ངོ་རྒོལ་བྱུང་ན། དེ་རུ་དྲག་ཆས་ཉེན་རྟོག་པ་ཡོད་པ་ནི་དེང་གི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ནག་ཚང་གི་ཁྱད་ཆོས་རེད། ལག་ན་ཁབ་འབུག་ཙམ་གྱི་ལག་ཆའང་མེད་པའི་རེ་ཞུ་བའི་ཚོགས་ལ་ལག་ན་མེ་མདའ་རིང་ཐུང་གཉིས་ཀ་བཟུང་བའི་དྲག་ཆོས་ཉེན་རྟོག་པས་དྲག་གནོན་བྱེད་ཆོག་ཆོག་ཡིན་པ་ནི་དེང་གི་རྒྱ་ནག་ཚང་གི་དར་སྲོལ་རེད།

ནང་ཁུལ་བདེ་འཇགས་སྲུང་ཆེད་བཏང་བའི་འགྲོ་གྲོན་དེ་རྒྱལ་སྲུང་གི་འགྲོ་གྲོན་ལས་ཀྱང་བརྒལ་ཡོད་པ་རྒྱ་ནག་གཞུང་རང་གི་ཡིག་ཆའི་ནང་བཀོད་ཡོད། ཚད་ལྡན་དམག་དཔུང“ཉུང་འཕྲི”བྱས་པ་དག་དྲག་ཆས་ཉེན་རྟོག་པའི་ཁར་བསྣན་ཚེ། ནང་ཁུལ་བདེ་འཇགས་ཀྱི་འགྲོ་གྲོན་སྔོན་ཆད་ལས་ཀྱང་ཇེ་མང་དུ་འགྲོ་རྒྱུ་གདོན་མི་ཟ། དེ་འདྲའི་རིག་ལམ་གྱི་ནང་དོན་ངོ་མ་ནི། རྒྱ་ནག་གཞུང་གི་དོན་ངོ་མས་ཀྱང་ཕྱིའི་བཙན་འཛུལ་ལ་སེམས་ཁྲལ་བྱེད་མི་དགོས་ལ། རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ནང་ཁུལ་ལ་བསླངས་པའི་འཐབ་འཁྲུག་གི་རྒྱུན་དུས་དེ་རིང་བར་ཆད་མྱོང་མེད།  ནང་ཁུལ་ལ་མུ་ནས་མུ་རུ་འཐབ་འཁྲུག་སློང་དགོས་དོན་ནི་སྒེར་གཅོད་རུལ་སུངས་ཀྱི་སྲིད་དབང་དེ་སྲུང་སྐྱོབ་ཁོ་ནའི་ཆེད་དུ་ཡིན།

འོ་ན། རྒྱ་ནག་དེང་གཞུང་གིས་ཅིའི་ཕྱིར་ཕྱིའི་རྒྱལ་ཁབ་འགའ་དང་མི་རིགས་ལ་དགྲ་འཛིན་གྱི་སློབ་གསོ་དང་། དམག་རྒྱལ་རིང་ལུགས་ཀྱི་དྲིལ་བསྒྲགས་སྤེལ་པ་རེད་ཅེ་ན། དེ་ནི་ཆེད་མཁས་པའི་དབྱེ་ཞིབ་བྱས་པ་ནང་བཞིན། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྲོལ་དེ་ནི་ནང་གི་འགལ་ཟླའི་ཁ་ཕྱོགས་བསྒྱུར་ཐབས་ཡག་ཤོས་དེ་རེད། སྒེར་གཅོད་སྲིད་དབང་ཡོད་དོ་ཅོག་ལ “ཕྱིའི་དགྲ་འཛིན་སྟོབས་ཤུགས”ཟེར་བ་ཞིག་དགོས་མཁོར་ཐུག་ཡོད། རྒྱ་ནག་དམར་གཞུང་ཡང་དེའི་གྲས་རེད། དོན་སྙིང་དེའི་ཐད་ནས་བཤད་ན། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་དག་གི་སེམས་ཁྲལ་དེ་རི་བོང་གནམ་རྡིབ་གྱི་སྡུག་བསྔལ་ལས་མ་འདས།