གློག་བརྙན ༼ཐར་ལོ ༽ལ༼གསེར་གྱི་གྱི་ལིང་རྟགས་མའི༽འོས་མིང་བཞི་ཐོབ་འདུག

Screen Shot 2015-10-06 at 09.25.28
གློག་བརྙན ༼ཐར་ལོ ༽ཡི་ནང་གི་འཁྲབ་སྟོན་པ་གཙོ་གྲས་སྒྱུ་རྩལ་བ་གྲགས་ཅན་ཞི་བདེ་ཉི་མ་ལགས།

༢༠༡༥ལོའི་ཟླ ༡༠བའི་ཚེས ༡ཉིན། སྐབས་ང་གཉིས་པའི་ཐེ་ཝན་གྱི་གློག་བརྙན་གསེར་གྱི་གྱི་ལིང་རྟགས་མའི་འོས་མིང་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་ལས་ཤེས་གསལ་ལྟར་ན། གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བོད་སྐད་གློག་བརྙན༼ཐར་ལོ ༽ཞེས་པ་སྡེ་ཚན་བཞིའི་འོས་མིང་ནང་དུ་ཚུད་པའི་གནས་ཚུལ་འབྱོར་འདུག འོས་མིང་ནང་ཚུད་པའི་སྡེ་ཚན་བཞི་བོ་ནི་དུངས་བརྗོད་གློག་བརྙན་རྩེ་གྲའི་བྱ་དགའ་དང་། འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། འཁྲབ་གཞུང་རྩེ་གྲའི་བྱ་དགའ། བརྙན་ཕབ་རྩེ་གྲའི་བྱ་དགའ་བཅས་རེད། འདི་ནི་ཉེ་ཆར་སྐབས་དོན་གཉིས་པའི་ཝེ་ནཱ་ཟིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི༼གནམ་ས་འབྲེལ་མཚམས༽ཞེས་པའི་རྟིང་རྩོད་འགྲན་བསྡུར་དང་། སྐབས་སོ་བཞི་བའི་ཝན་ཁོ་ཝུར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། སྐབས་ཉི་ཤུ་བའི་ལྷོ་ཀོ་རེ་ཡའི་ཧྥོའུ་ཧྲིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ཞུགས་རྗེས་ཡང་བསྐྱར་གློག་བརྙན་དུས་སྟོན་ནང་ཚུད་པ་ཞིག་རེད།

༼ཐར་ལོ ༽ཞེས་པའི་གློག་བརྙན་ནང་དུ་ཆེས་སྤྱིར་བཏང་གི་བརྩེ་དུངས་གཏམ་རྒྱུད་ཅིག་བརྗོད་ཡོད། ༼ ཐར་ལོ ༽ཞེས་པའི་གློག་བརྙན་གྱི་གཙོ་འཁྲབ་པ་ནི་སྒྱུ་རྩལ་པ་ཞི་བདེ་ཉི་མ་དང་གཞས་མ་གཡང་ཕྱུག་འཚོ་གཉིས་ཡིན་འདུག གློག་བརྙན་ནང་། གཙོ་བོ་ནི་ཕྱུགས་རྫི་ཐར་ལོ་སྡོད་དམངས་འཛིན་བྱང་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བརྗོད་ཡོད་པ་ཞིག་རེད་འདུག

ཐེངས་འདིའི་ཐེ་ཝན་གྱི་གློག་བརྙན་གསེར་གྱི་གྱི་ལིང་རྟགས་མ་བསྩོལ་བའི་མཛད་སྒོ་ཟླ་༡༡པའི་ཚེས་༢༡ཉིན་ཐེ་པཱེ་གྲོང་ཁྱེར་གྱི་རྒྱལ་ཡབ་དྲན་རྟེན་ཁང་ནས་གཟབ་རྒྱས་ངང་བསྡུ་འཆར་འདུག

ཡོངས་གྲགས་སུ༼རྒྱའི་གློག་བརྙན་གྱི་ཨོ་སི་ཁཱ༽ཞེས་པའི༼གསེར་གྱི་གྱི་ལིང་རྟགས་མ༽ནི་༡༩༦༢ལོར་ཐེ་ཝན་དུ་བཙུགས་པ་ཞིག་ཡིན་ལ། འདི་ནི་རྒྱའི་གློག་བརྙན་གླེང་སྟེགས་སུ་ལོ་རྒྱུས་ཆེས་རིང་བའི་གློག་བརྙན་བྱ་དགའི་སྡེ་ཚན་ཞིག་ཡིན། ཐེངས་འདིའི་གློག་བརྙན་དུས་སྟོན་སྟེང་ཞུགས་པའི་གློག་བརྙན་བརྩམས་ཆོས ༤༢༧ ལྷག་ཡོད་ལ། ཐོག་མའི་ཞིབ་བཤེར་དང་བསྐྱར་ཞིབ་བྱས་པ་བརྒྱུད་ནས་གློག་བརྙན་བརྩམས་ཆོས་སོ་དགུ་མཇུག་མཐའི་འོས་མིང་ཁྲོད་ཚུད་པ་རེད།

གློག་བརྙན༼ ཐར་ལོ ༽ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་ལྔ་བ་ཡིན་འདུག་ལ། ཁོང་གིས་སྔ་གཞུག་ཏུ ༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང༼ འཚོལ ༽།༼ ཁྱི་རྒན ༽།༼ གཡང་མདའ ༽སོགས་བོད་སྐད་གློག་བརྙན་བརྙན་ཕབ་གནང་ཞིང་། གོང་གསལ་གྱི་གློག་བརྙན་བརྩམས་ཆོས་དག་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་གདེང་འཇོག་བླ་མེད་ཐོབ་ཡོད་ལ། དེའི་ནང་ནས༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ལ་སྐབས་ཉེར་ལྔ་བའི་རྒྱ་ནག་གློག་བརྙན་དུས་སྟོན་སྟེང་གསེར་བྱ་རྟགས་མ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཀྱང་མིང་གྲགས་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་། ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ཞེས་པའི་གློག་བརྙན་དེར་བོད་སྐད་གློག་བརྙན་གྱི་སྲོལ་འབྱེད་པར་ངོས་འཛིན་བྱས་ཡོད།

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་གྱི་གློག་བརྙན་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི། གློག་བརྙན་ནང་གི་ས་ཆུ་རི་གསུམ། གྲོང་ཁྱེར་དང་གྲོང་ཚོ་སོགས་ཀྱི་མཚོན་པའི་ཁོར་ཡུག་ནི་བོད་རང་ས་རང་ཡུལ་ཡིན་ཞིང་། དེ་བཞིན་མི་སྣ་ཚང་མ་བོད་མི། སྐད་ཆའང་རྒྱ་ནག་རྣམ་པ་ཅན་གྱི་ཡིག་སྐད་མིན་པར་མང་ཚོགས་ཀྱིས་གོ་བདེ་བའི་ཁ་སྐད་ཡིན་ལ། བརྗོད་བྱ་ཡང་ཁ་སང་དེ་རིང་བོད་ཀྱི་སྤྱི་ཚོགས་སུ་བྱུང་དང་འབྱུང་གིན་པའི་དངོས་ཡོད་གནས་ཚུལ་ཁག་བྱས་ཡོད།

Advertisements