
ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ཨག་སོའུ་ས་ཁུལ་དུ། ཟླ་སྔོན་མར་དྲག་པོའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ཏེ། དོན་རྐྱེན་ཁྲོད་ཉུང་མཉའ་ཡང་མི ༥༠ རྐྱེན་འདས་སུ་ཕྱིན་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་སྨྱན་བྱད་ཁག་གིས་དེའི་སྐོར་གྱི་གནས་ཚུལ་སྤེལ་མེད། དེ་མིན་ཕྱི་ཟླ ༡༠ བའི་ཚེས ༡ ཉིན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ ༦༠ འཁོར་བའི་དུས་སྟོན་ཨོ་རོམ་ཆི་རུ་འཚོགས་ཡོད་པ་རེད།
ཨེ་ཞི་ཡ་རང་དབང་རླུང་འཕྲིན་ལས་ཁང་གི་ཡུ་གུར་སྡེ་ཚན་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ཞེས་པར་ལྟར་ན། ཟླ་སྔོན་མར་ཞིན་ཅང་གི་རྡོ་སོལ་གཏེར་ཁ་སྔོག་འདོན་ས་ཚུགས་ཤིག་ཏུ་དྲག་པོའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། དོན་རྐྱེན་ཁྲོད་ཉུང་མཐའ་ཡང་ལས་བཟོ་བ ༥༠ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ནུས་པའི་འབྱུང་ཁུངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཞིན་ཅང་ཁུལ་དུ། ཨེ་སི་ལམ་རིང་ལུགས་དྲག་སྤྱོད་པ་དང་ཁ་བྲལ་སྟོབས་ཤུགས་ཀྱིས་བདེ་འཇགས་ལ་གཏོར་བརླག་དང་འཇིགས་སྐུལ་ཚབས་ཆེན་བྱེད་ཀྱིན་ཡོད་པས། ཉེས་བའི་ལོ་ཤས་སུ། མི་བརྒྱ་ཕྲག་འགའ་དྲག་ཤུགས་ཁྲོད་རྐྱེན་འདས་སུ་ཕྱིན་སོང་ཞེས་བརྗོད་འདུག
ཡིན་ན་ཡང་། སྐྱབས་བཅོལ་མཁན་ཡུ་གུར་བ་དང་ཐོབ་ཐང་སྲུང་སྐྱོང་སྒྲིག་འཛུགས་ཁག་གིས། རྒྱ་ནག་གཞུང་གིས་གནའ་ནས་དེ་རིང་བར་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་པོའི་སྒྲིག་འཛུགས་ཤིག་ཡོད་ལུགས་བཤད་ཀྱིན་ཡོད་ཀྱང་། ད་བར་དུ་མི་རྣམས་ལ་ཡིད་ཆེས་ཐུབ་པའི་བདེན་དཔུང་ཞིག་སྟོན་རྒྱུ་བརྙེད་མེད། ཟིང་ཆ་སློང་བའི་དོན་རྐྱེན་དེ་དག་བྱུང་དོན་གཙོ་བོ་ཞིག་ནི་ཞིན་ཅང་ས་ཁུལ་དུ་འཚོ་ཞིང་གནས་པའི་ཡུ་གུར་མི་རིགས་ཀྱི་རིག་གནས་དང་ཆོས་ལུགས་རང་དབང་ལ་འགོག་གནོན་ཚད་མེད་བྱས་སྟབས། རང་སྲུང་དང་ཐོབ་ཐང་རྩོད་ལེན་ཆེད་ཐབས་ཟད་འུ་ཐུག་གི་མ་དགའ་མ་མོས་པའི་རྣམ་འགྱུར་བསྟན་པ་ཤར་སྟག་རེད་ཅེས་འགྲེལ་བརྗོད་བྱས་འདུག
ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ན་ཡོད་པའི་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱི་གནས་ཚུལ་ལ་གཞིགས་ན། ཕྱི་ཟླ ༩ ཚེས ༡༨ཉིན། ཞིན་ཅང་གི་ཨག་སོའུ་ས་ཁུལ་གྱི་བྷེ་ཡེ་རྫོང་ཐེ་རི་ཁེ་བྷ་ཛར་ས་གནས་སུ་ལག་ཆ་གྲི་ལས་མེད་པའི་དྲག་པོའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐའ་ཡང་མི ༥༠ དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། རྐྱེན་འདས་སུ་ཕྱིན་པའི་ཁྲོད་མི ༤༠ ལྷག་རྡོ་སོལ་གཏེར་ཁ་སྔོག་མཁན་ལས་བཟོ་ཡིན་པ་དང་། གཞན་མི ༥ ཉེན་རྟོག་པ་ཡིན་ཞིང་། མང་ཆེ་ཤོས་རྒྱ་རིགས་རེད་ཟེར།
གནས་ཚུལ་འདི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ ༦༠ འཁོར་བའི་དུས་སྟོན་དང་འཁེལ་ཡོད་ན་ཡང་། རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་སྤེལ་གྱིན་པའི་གནས་ཚུལ་རིགས་ནི་གྲངས་ཉུང་ཡུ་གུར་མི་རིགས་ཚོས་དུས་སྟོན་གྱི་གཟབ་འཆོར་གོན་ཞིང་། དགའ་དགའ་སྤྲོ་སྤྲོས་གླུ་ལེན་གར་རྩེད་ཀྱི་རྣམ་པ་ལས། དྲག་པོའི་འཇབ་རྒོལ་ཐེབས་པའི་ཁྲག་དྲི་བྲོ་བའི་ངང་ཚུལ་ཞིག་རྩ་བ་ཉིད་ནས་མཐོང་རྒྱུ་གོ་རྒྱུ་ཚོར་རྒྱུ་མེད་པ་རེད།
ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་གནས་ཚུལ་ཡོང་ཁུངས་གཅིག་རང་གཅིག་ནས་འབྱོར་བའི་གནས་ཚུལ་ཡིན་ཞེས་པའི་ནང་། འཇབ་རྒོལ་དོན་རྐྱེན་དེ་ཕྱི་ཟླ ༩ ཚེས ༡༧ གྱི་ནམ་གུང་དང་ཚེས ༡༨ ཀྱི་སྐྱ་རེངས་ཀྱི་དུས་སུ་བྱུང་ཞིང་། ཐོག་མར་འཇབ་རྒོལ་ཐེབས་ས་དེ་ཉེན་རྟོག་པའི་ལས་ཁང་རེད། ཉེན་རྟོག་པ་ལྔ་ཡོད་པ་ཚང་མ་བསད་རྗེས། འཇབ་རྒོལ་བས་ཉེན་རྟོག་པའི་ལྭ་བ་གོན་ནས་རྡོ་སོལ་གཏེར་ཁ་ལས་ཁང་གི་ལས་བཟོ་བའི་ཉལ་ཁང་དུ་ཡོང་ཏེ། ཉལ་ཁང་ནང་དུ་གཉིད་ལ་ཡུར་བའི་ལས་བཟོ་བ ༤༠ ལྷག་དམར་གསོད་བྱས་ཡོད་པ་དང་། དམར་གསོད་བྱས་པའི་ལས་བཟོ་བ་མང་ཆེ་ཤོས་སི་ཁྲོན་ཞིང་ཆེན་ནས་ཡོང་བའི་རྒྱ་རིགས་ཡིན་པ་བཀོད་འདུག
ས་གནས་ཉེན་རྟོག་ལས་ཁང་གི་འགན་འཛིན་ཡིན་པ་མིང་ལ་ཨེ་ཁི་བྷར ཧཱ་ཞེམ་ཟེར་བ་ཞིག་གིས་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ། ཉིན་དེར་ལས་ཀར་སོང་མེད་པའི་ལས་བཟོ་བ་ཕལ་ཆེར་དམར་གསོད་དང་རྨས་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས། ལས་བཟོ་བ་སྐོར་ཞིག་སྐབས་དེར་གཉིད་ལ་ཡུར་པ་དང་། སྐོར་ཞིག་ཡར་ལངས་ནས་ལས་ཀར་འགྲོ་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། འཇབ་རྒོལ་བས་བདེ་སྲུང་མི་སྣ་བསད་རྗེས་ལམ་སང་ལས་བཟོ་བའི་ཉལ་ཁང་དུ་ཡོང་བ་རེད་ཟེར།
དེ་བཞིན་གནས་ཚུལ་ལྟར་ན། དྲག་ཆས་ཉེན་རྟོག་མི་སྣ་དོན་རྐྱེན་བྱུང་ཡུལ་དུ་བསླེབས་དུས། འཇབ་རྒོལ་བས་རྡོ་སོལ་སྐྱེལ་འདྲེན་བྱེད་སྤྱད་རླུང་འཁོར་ཆེན་པོ་དག་བསྐོར་ནས་ཉེན་རྟོག་པའི་རླུང་འཁོར་ལ་རྡུང་ཐུག་བརྒྱབས་ཡོད་འདུག
ནམ་རྒྱུན་གྱི་གནས་ཚུལ་ལྟར་ན། འདི་ལྟ་བུའི་དྲག་པོའི་འཇབ་རྒོལ་དོན་རྐྱེན་རིགས་བྱུང་རྗེས། ཐོག་མར་རྒྱ་ནག་ཕྱི་རོལ་གྱི་གསར་འགྱུར་སྨྱན་བྱད་ཁག་གིས་ཕྱི་རུ་བསྒྲགས་ཀྱིན་ཡོད། རྒྱ་ནག་གཞུང་འབྲེལ་གསར་འགྱུར་སྨྱན་བྱད་ཁག་ལ་བཤད་སྟངས་ཤིག་ཡོད་པའི་དབང་དུ་བཏང་ཡང་། གནས་ཚུལ་བྱུང་ནས་དུས་ཡུན་གང་འཚམ་ཞིག་ཕྱིན་པའི་རྗེས་སུ་ད་གཟོད་དགོས་དབང་ལ་བསྟུན་པའི་སྐད་ཆ་ཞིག་བཤད་སྲིད་པ་རེད།
གཟའ་ཕུར་བུའི་ཉིན་སྟེ། ཕྱི་ཟླ ༡༠ ཚེས ༡ ནི་དམར་ཤོག་ཚོགས་པའི་རྒྱ་ནག་གི་སྲིད་དབང་བཟུང་བའི་དུས་སྟོན་དང་། ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ ༦༠འཁོར་བའི་དུས་སྟོན་གཉིས་ཀ་དུས་གཅིག་ལ་ཁེལ་ཡོད་པ་རེད། ཞིན་ཅང་གི་རྒྱལ་ས་ཨོ་རོམ་ཆི་རུ་གཞུང་འབྲེལ་ངང་ཞིན་ཅང་མི་དམངས་ཚོགས་ཁང་ནང་དུས་སྟོན་མཛད་སྒོ་གཟབ་རྒྱས་ངང་སྤེལ་ཡོད་པ་དང་། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁྲོད་ཨང་བཞི་བ་དང་། ཆོས་ལུགས་དང་གྲངས་ཉུང་མི་རིགས་ཀྱི་ལས་དོན་གྱི་འགན་ཁུར་བའི་རྒྱ་ནག་སྲིད་གྲོས་ཚོགས་གཙོ་ཡས་ཀྲིན་ཧྲིན་གྱིས་མཛད་སྒོའི་སྟེང་དམར་ཤོག་གཞུང་གི་ཚབ་བྱས་ཏེ་གཏམ་བཤད་གནང་འདུག སྐབས་དེར་ཡས་ཀྲིན་ཧྲིན་གྱིས། ངེས་པར་དུ་ཁྲིམས་ལུགས་ཀྱི་ལ་རྒྱ་དང་ཟིལ་ཤུགས་ལ་སྲུང་སྐྱོང་བྱེད་དགོས། ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ངེས་པར་དུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་དགོས། ངེས་པར་དུ་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས་ཞེས་བཀའ་ཕབ་པ་དང་ཆབས་ཅིག ཁྲིམས་ལུགས་ལ་བརྟེན་ནས་སྟོབས་ཤུགས་གསུམ་ལ་རྡུང་རྡེག་ཚ་ནན་བྱས་ནས་ཞིན་ཅང་གི་འཆམ་མཐུན་དང་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཞེས་ནན་བརྗོད་གནང་འདུག
ལྟེ་གནས་གཙོ་བོ་འཇར་མིན་རྒྱལ་ཁབ་ན་ཡོད་པའི་འཛམ་གླིང་ཡུ་གུར་བའི་ཚོགས་ཆེན་གྱི་མགྲིན་ཚབ་པ་ཏེལ་ཞ་ཐི རི་ཞི་ཐི་ལགས་ཀྱིས་ཕྱི་ཟླ ༡༠ ཚེས་གསུམ་ཉིན་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ། རྒྱ་ནག་གཞུང་གིས་གྲགས་ཆེན་པོས་དུས་སྟོན་དགའ་བསུའི་རྣམ་པས་ཚབས་ཆེ་བའི་དབང་བསྒྱུར་འཇིག་ཉེན་དང་འགྲན་སློང་གཡོགས་ཐབས་བྱེད་ཀྱིན་ཡོད། རང་སྐྱོང་ཁ་ལ་ཁྱེར་ནས་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་བཙན་འཕྲོག་བྱེད་ཀྱིན་ཡོད། ད་ལྟ་ཡོད་ཀྱིན་པའི་ཞིན་ཅང་རང་སྐྱོང་ལྗོངས་ཟེར་བ་དེ་དོན་མེད་མིང་བྱང་སྐམ་པོ་ཞིག་ཡིན། རྒྱ་ནག་གཞུང་གིས་དམག་མི་འབོར་ཆེན་མངག་ནས་དྲག་གནོན་བྱེད་ཞོར་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ ༦༠ འཁོར་ལུགས་སྲུང་བརྩི་ཞུ་བཞིན་ཡོད། འདས་པའི་ལོ ༦༠འི་རང་རྒྱ་ཆེའི་ཡུ་གུར་མི་རིགས་ཀྱིས་འཐབ་རྩོད་བྱས་པ་ནི་རང་ཉིད་ཀྱི་ཐོབ་ཐང་སླར་གསོའི་སླད་དུ་ཡིན་ལ། དེ་ལྟ་བུའི་རང་སྐྱོང་ཟེར་བ་ཞིག་ལ་ཡུ་གུར་མི་དམངས་ཀྱི་ངོས་ལེན་བྱེད་མི་སྲིད་ལ་བྱེད་ཀྱང་མི་རུང་ཞེས་སྐྱོན་བརྗོད་བྱས་འདུག
དེ་བཞིན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ ༦༠ འཁོར་བའི་དུས་སྟོན་ལ་མ་བསླེབ་པའི་གཟའ་འཁོར་གཅིག་གི་གོང་ནས་བཟུང། ཞིན་ཅང་ཧྲིལ་བོར“དང་ལེན་ཨང་དང་པོ”ཞེས་པའི་བག་ཟོན་འགོག་སྲུང་ནན་མོ་བྱས་ཡོད་པ་ལས་ཞིན་ཅིང་གི་གནས་སྟངས་ཧ་ཅང་ཛ་དྲག་ཡིན་པ་མཚོན་ཡོད།