རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་དང་མཉམ་དུ་གྲོས་མོལ་མི་བྱེད་པའི་གནད་དོན་གསུམ།

མཆན:གཤམ་གྱི་རྩོམ་ཡིག་འདི་ནི་རྒྱ་ནག་གཞུང་འབྲེལ ༼ཀྲུང་གོ་བོད་ལྗོངས་དྲྭ་བ༽ཞེས་པའི་སྟེང ༢༠༡༥ ལོའི་ཕྱི་ཟླ ༡༠ ཚེས ༡༩ ཉིན་བཀོད་པའི་རྩོམ་ཡིག་ཅིག་རེད། རྩོམ་པ་པོའི་མིང་ལ་ལི་མིང་ཧྭ་ཟེར་ཞིང་། ཁ་བྱང་གི་སྔོན་དུ“ཡུལ་གཅིག་ཁོ་ནའི་གནས་ཚུལ”ཞེས་གལ་ཆེའི་རང་བཞིན་ཡང་བཏོན་འདུག གང་ལྟར་རྒྱ་ནག་གུང་ཁྲན་ཚང་གི་འགྲོ་ལུགས་ལྟར་ན། གཞུང་འབྲེལ་སྨྱན་བྱད་སྟེང་གཞུང་གི་ལྟ་བ་དང་ལངས་ཕྱོགས། སྲིད་ཇུས་སོགས་བརྗོད་པའི་རྩོམ་ཡིག་ཅིག་ཐོན་དུས། དེ་མི་ག་གེ་མོ་ཞིག་གི་རང་སྣང་གང་ཤར་ལྟར་སྤེལ་པའི་སྒེར་གྱི་ལྟ་བ་ཞིག་ཡིན་མི་སྲིད་ལ། ལྷག་དོན་བོད་དོན་གྱིས་གཙོས་མི་རིགས་ཀྱི་གནད་དོན་སྐོར་གྱི་རྩོམ་ཡིག་རིགས་གོང་རིམ་གྱི་ཆོག་མཆན་མེད་པར་དེ་བས་ཀྱང་བཀོད་ཆོག་ཆོག་ཅིག་མིན། དེ་བས་ན། རྩོམ་ཡིག་འདི་ལ་རྒྱབ་ལྗོངས་དང་དགོས་དབང་། དམིགས་ཡུལ་ངེས་ཅན་ཞིག་ཡོད་པར་ངོས་འཛིན་བྱས་ཆོག་པར་སྙམ།

Screen Shot 2015-10-22 at 17.32.27
བོད་ཀྱི་བདག་དབང་། སྲིད་དབང་། ནང་ཁུལ་ལས་དོན་གསུམ་ལ་གྲོས་མོལ་མི་བྱེད་ཟེར།

ཤེས་གསལ་ལྟར་ན། ཕྱི་ཟླ་བརྒྱད་པའི་མཇུག་ཏུ་བསྐོངས་ཚོགས་གནང་བའི་དབུས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྟེང་། ཏཱ་ལའི་རུ་ཚོགས་དང་མཉམ་དུ“དོན་དངོས་རང་བཞིན་གྱི་གྲོས་མོལ”ཟེར་བ་ཞིག་རྩ་བ་ནས་མེད་ལ། བོད་ཀྱི་བདག་དབང་དང་། སྲིད་དབང་། ནང་སྲིད་ལས་དོན་ཐད་གྲོས་མོལ་མི་བྱེད། ཅེས་དབུས་གཞུང་གི་དབུ་ཁྲིད་ཚོས་གསལ་བོའི་ངང་བརྗོད་ཡོད།

བོད་ཀྱི་བདག་དབང་ཐད་གྲོས་མོལ་མི་བྱེད།

དུས་རབས་བཅུ་གསུམ་པ་ནས་བཟུང་། བོད་དེ་རྒྱ་ནག་ཡོན་རྒྱལ་རབས་ཀྱི་དབུས་སྲིད་དབང་གིས་བདག་སྐྱོང་མངའ་ཁོངས་འོག་གི་ཆ་ཤས་ཤིག་ཏུ་གྱུར་བ་རེད། དེའི་རྗེས་སུ། དབུས་སྲིད་དབང་ལ་འཕོ་འགྱུར་ག་ཚོད་ཅིག་ཐེབས་ཀྱང་། བོད་དེ་དུས་དང་རྣམ་པ་ཀུན་ཏུ་དབུས་སྲིད་དབང་གི་བདག་སྐྱོང་མངའ་ཁོངས་འོག་ཏུ་གནས་ཡོད། ཕྱི་ལོ ༡༨༨༨ དང ༡༩༠༤ ལོར། དབྱིན་ཇིས་ཐེངས་གཉིས་ལ་བོད་ཡུལ་དུ་བཙན་འཛུལ་གྱི་གཡུལ་འཁྲུག་བཤམས་ཏེ་ངན་སེམས་རྒྱུན་འཆང་གིས “བོད་རང་བཙན”ཆེད་ཇུས་འདོན་རྒྱུད་སྐུལ་བྱས་ནས “བོད་ཀྱི་གནད་དོན”ཟེར་བ་བཟོ་ཐབས་བྱས།  དུས་རབས་སྔོན་མར། དབྱིན་ཇི་གཞུང་གིས་སྐབས་དེའི་བོད་དབང་འཛིན་ལས་ཁུངས་ཀྱིས་རང་བཙན་གསལ་བསྒྲགས་བྱེད་དགོས་ལུགས་ངན་སྐུལ་བྱས་ཡོད། དེ་བཞིན་དུས་རབས་སྔོན་པའི་ལོ་རབས ༤༠འི་ནང་། བོད་ས་གནས་གཞུང་གིས “ཕྱི་འབྲེལ་ལས་ཁང”ཟེར་བ་བཙུགས་ཚུལ་གསལ་བསྒྲགས་དང་ཆབས་ཅིག ལྷ་ས་རུ “རྒྱ་མི་བོད་ནས་མཐར་བསྐྲོད་ཀྱི་དོན་རྐྱེན”སྤེལ་བ་རེད། དེ་ནས་ཕྱི་ལོ ༡༩༥༩ ལོར། ཨ་མེ་རི་ཀའི་ཇུས་འདོན་རྒྱུད་སྐུལ་དང་རྒྱབ་སྐྱོར་འོག བོད་ཀྱི་མཐོ་རིམ་ངོ་ལོག་ཤོག་ཁག་གིས་ཡོངས་སུ་དྲག་པོའི་ཟིང་འཁྲུག་བསླངས། དེ་མིན་ཕྱི་ལོ ༡༩༥༩ དང་། ༡༩༦༡ ལོ། ༡༩༦༥ ལོ་བཅས་སུ་ཨ་མེ་རི་ཀའི་ལྐོག་གཡོ་ངན་སྐུལ་འོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་སྔ་རྗེས་ཐེངས་གསུམ་ལ “བོད་ཀྱི་གནད་དོན”ཟེར་བའི་གྲོས་གཞི་བཏོན་པ་སོགས། དེ་དག་ཚང་མས་བོད་དེ་མེས་རྒྱལ་ཁྱིམ་ཚང་ཆེན་མོ་ལས་ཁ་བྲལ་དུ་གཏོང་ཐུབ་མེད། བོད་ཀྱི་བདག་དབང་ཆ་ཚང་རྒྱ་ནག་ལ་ཡོད་པས་དེ་ལ་རྩོད་གླེང་བྱེད་ཐབས་ཡེ་ནས་མེད་པ་མ་ཟད། དེ་ནི་མི་རྣམ་གྱིས་ཤེས་ཟིན་པའི་བདེན་པའི་དངོས་ཡོད་གནས་ཚུལ་ཞིག་ཡིན། དེའི་ཕྱིར། བོད་ཀྱི་བདག་དབང་ཐད་གྲོས་མོལ་མི་བྱེད། གྲོས་མོལ་གྱི་དགོས་པའང་མེད།

བོད་ཀྱི་སྲིད་དབང་ཐད་གྲོས་མོལ་མི་བྱེད།

བོད་རྙིང་པའི་སྤྱི་ཚོགས་ལམ་ལུགས་ནི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་ཞིང་བྲན་ལམ་ལུགས་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་དོན་དག་ཆེན་པོ་ལྔ་བསྒྲུབས་ཡོད། ༡༽ བོད་ཞི་བའི་བཅིངས་འགྲོལ་བཏང་། བོད་དེ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་སྒྲོག་ལས་གཏན་ནས་ཐར། ༢༽དམངས་གཙོའི་བཅོས་བསྒྱུར་བྱས། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་ཞིང་བྲན་ལམ་ལུགས་རྩ་རྫོགས་བྱས་ནས་བོད་ཀྱི་རིགས་སོ་སོའི་མི་རིགས་ཀྱིས་རང་གི་ལས་དབང་རང་གིས་བཏང་འཛིན་དང་། རང་གི་བདག་པོ་རང་གིས་བྱེད་པའི་དུས་རབས་གསར་བ་ཞིག་བསྐྲུན། ༣༽ སྤྱི་ཚོགས་རིང་ལུགས་ལམ་ལུགས་འཛུགས་སྐྲུན་བྱས། མི་རིགས་ས་ཁུལ་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བརྒྱུད་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་མངོན་པར་གྱུར། ༤༽བཅོས་བསྒྱུར་སྒོ་འབྱེད་བྱས། སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་ཤུགས་གཞི་རྒྱ་ཆེན་པོས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་ཕྱིན་ཞིང་། བོད་ཀྱི་རིགས་སོ་སོའི་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གཞི་རྒྱ་ཆེན་པོས་འཐུས་ཇེ་ཚང་དང་སྤུས་ཇེ་ལེགས་སུ་ཕྱིན་ཡོད། ༥༽ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་ལེན་དུ་བསྟར་ནས་རིགས་སོ་སོའི་མི་རིགས་མཉམ་འདྲེས་མཉམ་འབྲེལ་མཉམ་བརྗེ་དང་། རིགས་སོ་སོའི་མི་རིགས་བར་མཐུན་སྒྲིལ་དམ་པོ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོའི་རིགས་བདེ་ཐང་བདེ་བླག་ངང་འཕེལ་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ཡོད་པ་མ་ཟད། ཕུལ་བྱུང་མི་རིགས་ཀྱི་རིག་གཞུང་དར་སྤེལ་དང་སྲུང་སྐྱོང་ལེགས་པོ་ཐུབ་ནས་བོད་དེ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་འགྲོ་རྒྱུར་ཁག་ཐེག་ཐུབ་ཡོད། ད་ལྟ། བོད་དུ་ལག་ལེན་དུ་བསྟར་གྱིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་གཉིས་ལ་བོད་ལྗོངས་ཀྱི་རིགས་སོ་སོའི་མི་རིགས་ཚོས་དགའ་བསུ་དང་མོས་མཐུན་བྱས་ཡོད་པས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་ཞིང་བྲན་ལམ་ལུགས་སུ་ཕྱིར་ལོག་རྒྱུ་ནི་གཏན་ནས་མི་སྲིད་པ་ཞིག་ཡིན་ལ།  “དབུ་མའི་ལམ”ཟེར་བར་འགྲོ་དགོས་དོན་དེ་བས་ཀྱང་མེད། དེའི་ཕྱིར། བོད་ལྗོངས་ཀྱི་སྲིད་དབང་ཐད་གྲོས་མོལ་མི་བྱེད།

བོད་ལྗོངས་ཀྱི་ནང་ཁུལ་ལས་དོན་ཐད་གྲོས་མོལ་མི་བྱེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་གཞིག་ན། དབུས་ཀྱི་གཅིག་བསྡུ་གཅིག་གྱུར་གྱི་འགོ་ཁྲིད་འོག་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་ལེན་དུ་བསྟར་གྱིན་ཡོད། བོད་ཀྱི་ནང་ཁུལ་ལས་དོན་ཆེ་མ་ཆུང་གསུམ་ལ་བོད་ཀྱི་རིགས་སོ་སོའི་མི་རིགས་ཚོས་རང་རང་གིས་ཐག་གཅོད་བྱེད་ཀྱིན་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། དབུས་གཞུང་གིས “ཁྲིམས་ལུགས་ལྟར་བོད་ལྗོངས་བདག་སྐྱོང་། མི་མང་ཕྱུག་སྒྱུར་བོད་ལྗོངས་དར་སྤེལ། དུས་ཡུན་རིང་པོར་བོད་ལྗོངས་འཛུགས་སྐྲུན། མི་སེམས་གཅིག་གྱུར། རྨང་གཞི་སྲ་བརྟན”ཞེས་བོད་ལྗོངས་ལས་དོན་གྱི་རྩ་དོན་གཏན་འབེབས་གནང་ཡོད། དབུས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྟེང་། “མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤེད་སྣོན”ཞེས་པ་གཉིས་བོད་ཀྱི་ལས་དོན་གྱི་ཤུགས་རྒྱག་ས་དང་གཞི་འཛིན་སར་གཏན་ཁེལ་བྱས་ཡོད། ཏཱ་ལའི་ཡིས་རྒྱལ་སྲུང་དང་ཕྱི་འབྲེལ་གཉིས་དབུས་གཞུང་གིས་བཏང་འཛིན་བྱེད་རྒྱུ་ལས་གཞན་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང། བླ་ཆེན་རྣམ་པའི་ཡང་སྲིད་ངོས་འཛིན་ཐེ་བའི་ཆོས་ཕྱོགས་ཀྱི་ལས་དོན་ཡོད་ཚད་ཁོང་ཚོས་འགན་འཁུར་རྒྱུའི “ཆེས་མཐོའི་རང་སྐྱོང”གི་བསམ་ཚུལ་དེ། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་ཡོད་ལ། དེ་ནི་མངོན་སུམ་འཛེམ་བག་མེད་པའི་ཕྱེད་རང་བཙན་དང་མདོག་གྱུར་བའི་རང་བཙན་ཡིན་པས། དབུས་གཞུང་གིས་དུས་ནམ་ཡང་ཁས་ལེན་མི་སྲིད། དུས་རབས་སྔོན་མའི་ལོ་རབས ༨༠འི་ནང་། དབུས་གཞུང་གི་དབུ་ཁྲིད་ཞི་ཀྲོང་ཞོང་གིས་ཏཱ་ལའི་སྐུ་ཚབ་ལ་ “བོད་དེ “རྒྱལ་ཁབ”ཅིག་ཏུ་གཏོང་མི་ཆོག “ཆེས་མཐོའི་རང་སྐྱོང”ཞིག་ཏུའང་གཏོང་མི་ཆོག བསམ་བློ་དེ་འགྱུར་བ་གཏོང་དགོས།  དེ་ལས་ལྡོག་ན་ང་ཚོའི་བར་ཐུན་མོང་གི་སྐད་ཆ་མེད”ཅེས་གསལ་བོར་གསུངས་པ་དེ་རེད། “ཁྱེད་རང་ཚོས་ད་དུང་བོད་ཁུལ་ཆེན་པོ་འཛུགས་སྐྲུན་བྱ་རྒྱུ་ཡིན་ལུགས་བརྗོད་ཀྱིན་པ་འདྲ། དེ་དངོས་ཡོད་དང་མཐུན་པ་ཞིག་མིན་ལ། འོས་པ་ཞིག་དེ་བས་ཀྱང་མིན།”

དོགས་པ་མི་དགོས་པ་ཞིག་ནི། རྒྱལ་ཁབ་གཅིག་གྱུར་དང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད། སྤྱི་ཚོགས་རིང་ལུགས་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སོགས། ཡིན་མིན་གྱི་གནད་དོན་ཆེན་པོའི་རིགས་ལ་ཐུག་ཚེ། དབུས་གཞུང་གིས་སོར་གང་ཡང་གློད་མི་སྲིད། གནད་དོན་དེ་གསུམ་པོ་ནི་དུས་ནམ་ཡིན་ཡང་གྲོས་མོལ་“མི་བྱེད་པ”གསུམ་ཡིན། གལ་ཏེ་གྲོས་མོལ་བྱེད་པའི་དབང་དུ་སོང་ཡང་། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བ་དང་ཁོང་གི་སྐུ་འཁོར་གྱི་མི་འགའི་མ་འོངས་མདུན་ལམ་གྱི་གནད་དོན་ཐད་གྲོས་མོལ་བྱས་ཆོག