དབྱིན་ཇིའི་ངོ་དགའ་སྤྲེལ་ལད།

12063533_10153701654114100_5376973539098191117_n
ཟུར་ཟའི་རི་མོ་དེ་ཡི་གེ་ཁྲི་ལས་ལྷག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དབྱིན་ཇི་སྲིད་བློན་ཕོ་བྲང་བྷུ་ཁེན་ཧམ་དུ་ཆེད་དུ་བཤམས་པའི་གསོལ་སྟོན་དུ་ཞུགས་པའི་གཟི་རྔམ་དང་། དུང་མདོག་གི་དགོང་དྲོའི་གཟབ་མཆོར་མནབས་པའི་རྒྱལ་མོ་ཨེ་ལི་ཟི་བྷེ་ཐི་མཆོག་གི་སྒམ་ཉམས་དོད་པོ། ཨོ་སི་མན་ཐོ་སི་མེ་ཏོག་གི་ལོ་འདབ་ཀྱིས་བསླས་པའི་ཆོད་པན་སྤུས་དག་ཅན་གྱི་གུང་ལྕམ་ཁེ་ཊེ ལུ་རིལ་གྱི་ཡིད་དབང་འགུག་པའི་སྒེག་ཉམས། ཞི་ཅིན་ཕེང་དང་དགའ་བ་འབུམ་གྱི་འཛུམ་མདངས་རྒྱས་པའི་སྲིད་བློན་ཁཱ་མཱ་རོན་གྱི་ལག་འཇུས། ད་དུང་རྒྱབ་ལྗོངས་ཀྱི་རྒྱ་དབྱིན་གཉིས་ཀའི་རྒྱལ་དར་དང་།  “ང་རྒྱ་ནག་ལ་དགའ”ཞེས་བྲིས་ཡོད་པའི་བསྟོད་གོས་འཕུར་ལོ་མ་གོན་པའི་དགའ་སྤྲོའི་འཕག་འཆོང་བྱེད་ཀྱིན་པའི་རྒྱ་ནག་པ། རྒྱལ་པོ་གོང་མའི་གསེར་ལྡན་ཤིང་རྟའི་ནང་ཞི་ཅིན་ཕེང་དང་རྒྱལ་མོ་གཉིས་མཉམ་དུ་བཞུགས་ནས་བསྐྱོད་པ། སྲང་ལམ་གཡས་གཡོན་དུ་དབྱིན་ཇིའི་རྒྱལ་པོ་གོང་མའི་ཞྭ་མོ་ནག་པོ་དང་སྟོད་ལྭ་དམར་པོ་གོན་པའི་དམིགས་བསལ་སྲུང་དམག་གི་ཕྲེང་བསྒྲིགས་པ། གྲོང་ཁྱེར་ལོན་ཊོན་གྱི་སྲང་ལམ་གང་སར་རྒྱ་ནག་གི་དར་དམར་བསྒྲེངས་ཤིང་རྒྱན་མཆོར་བཀལ་ནས། མིག་ལམ་ཡོངས་སུ་བཀང་བའི་སེར་པོ་འབྲུག་དང་དམར་པོའི་ལྒང་ཞུ་སོགས། བརྙན་འཕྲིན་ངོས་སུ་ཤར་བའི་འདི་ལྟ་བུའི་རི་མོས་རྒྱ་ནག་ནང་ཁུལ་དུ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་གདོན་མི་ཟ།

དབྱིན་ཇི་ཆེན་པོའི་དགོས་འདུན་ནི་ཉག་ཉོག་མེད་པར་ཁ་གསལ་དོན་གསལ་རེད། རྒྱལ་ཁབ་ཅིག་གི་དབུ་ཁྲིད་ལ་འདི་ལས་ལྷག་པའི་ཧ་ཅང་གཟབ་རྒྱས་པའི་དགའ་བསུའི་མཛད་སྒོ་ཞིག་ཡོད་མི་སྲིད། རྒྱ་ནག་གི་དབུ་ཁྲིད་ཞི་ཅིན་ཕེང་ལ་མཚོན་ན་ཡང་། འདི་ནི་འགྲན་ཟླ་བྲལ་བའི་དྲིལ་བསྒྲགས་ཤིག་ཡིན་པའི་མ་ཚད། གཟི་རྔམ་ཆེ་བའི་རི་མོ་དེ་དག་གིས་ཁོང་ཉིད་གཏོགས་ཡུལ་སྲིད་དབང་དེར་ཁྲིམས་མཐུན་གྱི་རང་བཞིན་མ་བསླངས་ངང་གིས་ཕུལ་ཡོད།

ཡིན་ན་ཡང་། ཕྱིའི་རྣམ་པ་བཞག་ནས་གཏིང་ཟབ་ས་ནས་བལྟས་ན། མཁྱེན་ལྡན་རྣམ་པའི་བཞད་གད་ཀྱི་ཡུལ་དུ་གྱུར་ཡོད།

གཙོ་ཆེ་ཤོས་དེ་རྒྱ་ནག་གི་སྒོར་མོ་ཡིན། དབྱིན་ཇི་གཞུང་གིས་མ་འོངས་པར་རྒྱ་ནག་གིས་དབྱིན་ཇིར་ཡོ་རོབ་ཀྱི་སྒོར་མོ་ཐེར་འབུམ་ཆེན་མོ་བཞིའི་མ་རྩ་འཛུགས་རྒྱུའི་རེ་བ་བཅངས་ཡོད་ལ། ནང་སྒོས་སུ་རྨང་གཞིའི་སྒྲིག་གཞིའི་ཐད་མ་རྩ་འཛུགས་རྒྱུར་རེ་སྒུག་བྱས་ཡོད། དཔེར་ན། ལྕགས་ལམ་འགྲིམ་འགྲུལ། ས་གནས་གནམ་ཐང་དང་ཉིང་རྡུལ་གློག་ཁང་སོགས།

འོན་ཀྱང་། རྒྱ་ནག་དེ་ད་དུང་ཡང་མི་སེར་གྱི་གཞི་རྩའི་ཐོབ་ཐང་རྡོག་རོལ་དུ་གཏོང་བའི་དབང་ཤུགས་རྒྱལ་ཁབ་ཅིག་ཡིན། འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་སྟེ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་མཁོ་སྤྲོད་བྱས་པའི་གཞི་གྲངས་ལ་གཞིགས་ན། ཞི་ཅིན་ཕེང་གིས་ཕྱི་ལོ ༢༠༡༣ ལོར་རྒྱལ་ཁབ་ཀྱི་སྲིད་དབང་བཟུང་བ་ནས་བཟུང། མི་སེར་དབང་ཆ་སྲུང་སྐྱོབ་མཁན་ཚོའི་གནས་སྟངས་སྔོན་ཆད་ལས་ཀྱང་ཇེ་སྡུག་ཏུ་སོང་བ་དང་། རྒྱ་ནག་གུང་ཁྲིན་ཚོགས་པས་གཞུང་འཛིན་ཚོགས་པ་ཁོ་ནའི་ངོ་བོས་རྒྱ་ནག་རྒྱལ་ཁབ་ལ་བདག་སྐྱོང་བཏང་འཛིན་བྱེད་ཀྱིན་ཡོད། སྨྲ་བརྗོད་ཞིབ་བཤེར་ལས་ཁང་དག་གིས་དྲྭ་རྒྱ་ལ་བཏང་འཛིན་དང་སོ་ལྟ་བྱེད་ཀྱིན་ཡོད། འགྲོ་བ་མིའི་ཐོབ་ཐང་མི་སྣ་ཁག་ཉིན་མཚན་དུས་དྲུག་ཏུ་ལྟ་སྐུལ་འོག་གནས་ཡོད། དུས་རྒྱུན་དུ་ཁྲིམས་འཛིན་གྱི་འགྲོ་ལུགས་གཅིག་ཀྱང་མེད་པའི་སྒོ་ནས་མི་རྣམས་འཛིན་བཟུང་དང་བཀད་ཉར། མནར་གཅོད་གཏོང་གིན་ཡོད། འཛམ་གླིང་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པོ་ད་དུང་ཡང་རྒྱ་ནག་གི་བཙོན་འོག་ན་ཡོད།

ཡིན་ན་ཡང་། དབྱིན་ཇི་གཞུང་ལ་གནད་དོན་འདིའི་རིགས་ཐམས་ཅད་གླེང་མོལ་བྱེད་འདོད་ཡེ་ནས་མེད། དེ་ལས་ལྡོག་སྟེ། སྲིད་བློན་ཁཱ་མཱ་རོན་དང་ནོར་སྲིད་བློན་ཆེན་ཨོ་སི་བྷོར་ནེ་གཉིས་ཀྱིས་དབྱིན་ཇི་དང་རྒྱ་ནག་གི་འབྲེལ་བའི་“གསེར་མདོག་གི་དུས་རབས”ཀྱི་དབུ་འབྱེད་རྒྱུར་རེ་སྨོན་བྱས་འདུག དེའི་ནང་དོན་ནི་དབྱིན་ཇི་དེ་རྒྱ་ནག་གི་ནུབ་གླིང་གི་གྲོགས་པོ་གཙོ་བོ་རུ་གྱུར་རྒྱུ་དེ་རེད། དབྱིན་ཇི་མི་མང་ལ་མཚོན་ན། དེ་ནི་ཞེན་པ་ལོག་སྤྱད་ཅིག་ཡིན། ནང་སྒོས་སུ་ཉིང་རྡུལ་གློག་ཁང་གི་ཚོང་ལས་དེ། རྒྱ་ནག་གིས་ད་དུང་གཉེར་སྐྱོང་ལའང་འགན་ཁུར་ཡོད་པ་འདྲ། གནད་དོན་དེ་གཅིག་པུར་བསམ་ཚེ། དབྱིན་ཇི་མི་མང་མི་བདེ་མི་སྐྱིད་པའི་ཚོད་ཡིན། དབྱིན་ཇི་གསར་འགྱུར་སྨྱན་བྱད་ཁག་གིས། བདེ་འཇགས་ཆེད་ལས་པ་ཚོས། གལ་ཏེ་ཕྱི་འབྲེལ་འགལ་ཟླར་ཐུག་ཚེ་རྒྱ་ནག་གིས་ཉིང་རྡུལ་གློག་ཁང་གནོན་ཤུགས་སྤྲོད་སྤྱད་བྱེད་མི་སྲིད་པ་མིན་པའི་སེམས་ཁྲེལ་བྱེད་ཀྱིན་ཡོད་ལུགས་བཀོད་འདུག ངལ་རྩོལ་ཚོགས་པའི་ནུས་ཤུགས་ཐོན་ཁུངས་སྲིད་ཇུས་མགྲོན་ཚབ་པ་ལི་ཟཱ ནན་ཌེ་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁར་ཐུག་ཡོད། ཅེས་བློ་འཚབ་ཀྱི་རྣམ་འགྱུར་བཏོན་ཡོད་པ་རེད།

དེ་མིན་ཕྱོགས་འགལ་ཚོགས་པའི་ཆབ་སྲིད་པ་ཕོལ ཧྥི་ལན་ལགས་ཀྱིས་རྒྱ་ནག་གི་རྣོ་ལྕགས་ཚོང་པ་ཚོས་རྒྱ་ནག་གི་རྣོ་ལྕགས་རིགས་རིན་གོང་དམའ་མོ་བྱས་ནས་དབྱིན་ཇིར་བཙོང་བར་སྡུག་ཡས་འཁང་བྱས་ཞོར་དུ། དབྱིན་ཇི་གཞུང་དེ་གཅར་རྡུང་བྱས་ཀྱང་ད་དུང་བདག་པོའི་ལག་བ་ལྕེ་ལྡག་བྱེད་པའི་ཁྱི་ཞིག་ལ་དཔེར་འཇོག་བྱས་འདུག དབྱིན་ཇིའི་རྣོ་ལྕགས་ཁེ་ལས་མང་པོ་སྒོ་བརྒྱབས་རྐྱེན་ལས་བཟོ་བ་བགྲང་ལས་འདས་པ་ལས་མེད་དུ་གྱུར་ཡོད་པ་རེད།

ཡིན་ན་ཡང་། གཅིག་ལས་གཅིག་ངར་གྱི་སྐྱོན་བརྗོད་དེ་དག་ལ་གྲུབ་འབྲས་སྤུ་ཙམ་ཡང་ཐོན་མེད། ཞི་ཅིན་ཕེང་གི་ཐེངས་འདིའི་དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་རྒྱལ་དོན་འཚམས་འདྲིའི་སྐབས་སུ། ངོ་རྒོལ་བ་ཚོ་དབྱིན་ཇིའི་ཉེན་རྟོག་པས་གྲུ་ཟུར་ཆུང་ཆུང་ཞིག་ཏུ་བཀག་ནས་འགྲོ་འདུག་གི་རང་དབང་སྤྲད་མེད་པ་དང་། ངོ་རྒོལ་བ་ཚོས་ལག་ཏུ་བཟུང་བའི“ཁཱ་མཱ་རོན། འགྲོ་བ་མིའི་ཐོབ་ཐང་མ་བརྗེད”ཞེས་བློ་གསལ་བཏོན་པའི་ཕྲད་དར་རྣམས་ལྭ་བ་དམར་པོ་གོན་ཞིང་ལག་ཏུ་རྒྱལ་དར་དམར་པོ་བཟུང་བའི་རྒྱ་རིགས་དགའ་བསུ་བའི་དཔུང་གིས་མནན་ཞིང་བཀླུབས་ནས་མཐོང་མི་ཐུབ་པ་བཟོས་འདུག

རྒྱལ་སྤྱིའི་ཉེ་ཡང་ཚོགས་པས། “ཀྲུང་གོ་དགའ་མཁན”དེ་དག་རྒྱ་ནག་གཞུང་ཚབ་ཁང་གི་ཆེད་དུ་རྩ་འཛུགས་བྱས་པ་ཤ་སྟག་རེད། ཅེས་བཀོད་འདུག

དབྱིན་ཇིའི་སྲིད་བློན་ཁཱ་མཱ་རོན་གྱིས་གསར་འགོད་གསལ་བསྒྲགས་སྐབས། དཔལ་འབྱོར་གྱི་འབྲེལ་བ་བཟང་པོ་ཞིག་དང་། རྣོ་ལྕགས་ཀྱི་རིན་གོང་མར་བཅགས་ནས་བཙོང་བ་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སོགས་ཟླ་སྒྲིལ་དུ་གཏོང་ཆོག་ཟེར། འོན་ཀྱང་། དབྱིན་ཇིའི་སྲིད་བློ་དེས་རྒྱ་རིགས་གྲོགས་པོ་ཚོ་དང་གསང་བའི་ངང་མཇལ་འཕྲད་གནང་དུས་སུ་མི་རྣམས་དོགས་མི་བདེ་བའི་གནད་དོན་ག་ཚོད་ཅིག་བཤད་ཡོད་པ་སུ་ཡི་ཤེས་སམ།

ཞི་ཅིན་ཕེང་གི་ཐེངས་འདིའི་འཚམས་གཟིགས་ཀྱི་པར་རིས་དང་དབྱིན་ཇིའི་རྣམ་འགྱུར་གཉིས་ཀྱིསའཛམ་གླིང་མི་དམངས་ལ་ཧ་ཅང་ཆ་མི་འདྲ་བའི་བརྡ་ལན་ཞིག་བཏང་ཡོད།
སྐུ་དྲག་རིག་གནས་ཀྱི་ཡང་སྙིང་དེ་ཁེ་ཕན་ཁོ་ན་ཡིན་པ་ཡང་གཅིག་འཛམ་གླིང་མི་དམངས་ཀྱི་མིག་ལམ་དུ་བཤམས་པ་རེད།

གང་ལྟར། ཤེས་དགོས་པ་ཞིག་ནི། མི་ཕལ་མོ་ཆེས་རྒྱ་ནག་སྟོབས་ཆེན་དུ་གྱུར་ཡོད་ཅེས་ཟེར་གྱིན་ཡོད། དོན་དམ་པས་བཤད་ན། རྒྱ་ནག་སྟོབས་ཆེ་བ་མ་ཡིན་ལ། གུང་ཁྲན་ཚོགས་པ་སྟོབས་ཆེ་བ་རེད། རྒྱ་ནག་མི་དམངས་དུང་ཕྱུར་འགའ་ད་དུང་ཡང་ལྟོག་སྐོམ་གྱི་གནས་ན་ཡོད།

བོད་པའི་གཏམ་དཔེ་རུ། རྔ་མོང་མུ་གེས་ཤི་ཡང་རྟ་ཡི་ཆེ་ཡིན། ཞེས་པ་ནང་བཞིན། སྟོབས་ཆེན་དབྱིན་ཇི་དེ་རིང་དཔལ་འབྱོར་གྱི་ཆ་ནས་དཀའ་ངལ་ཅུང་ཞིག་ཡོད་པ་བདེན་ཡང་། དེའི་ལྟ་བུའི་རང་ཚུགས་མེད་པའི་སྤྲེལ་ལད་འཁྲབ་སྲོལ་དེ་ངོ་མའི་མང་དྲགས་སོང་པའི་ཚོར་བ་ཞིག་ངང་གིས་སྐྱེ་རུ་བཅུག་སོང་། སྐྲ་སེར་སྤྲེའུ་རིགས་ལ་ཡིད་ཆེས་མ་བྱེད་ཅེས་པའི་གཏམ་དེ་ཅི་མ་རུང་།