
བོད་མི་རྣམས་འདྲེ་ལ་སྐྲག་པ་ནང་བཞིན་ནུབ་གླིང་བ་རྣམས་ཀྱང་འདྲེ་ལ་ཞེད་པ་རེད། ཁོང་ཚོའི་གདོན་འདྲེའི་དུས་ཆེན་ལ་ཧཱ་ལོ་ཝེན་ཟེར། ཁྱེད་ཀྱིས་ནུབ་གླིང་བས་ཧཱ་ལོ་ཝེན་ཞེས་པའི་གདོན་འདྲེའི་དུས་ཆེན་དེ་ཇི་ལྟར་རོལ་གྱིན་ཡོད་པ་དང་། ཡང་དེའི་བྱུང་བ་ཤེས་སམ།
ལོ་རེའི་ཧཱ་ལོ་ཝེན་དུས་ཆེན་ལ་བསླེབས་དུས། མི་རྣམས་འདྲེ་རུ་བརྫུས་ནས་སྲང་ལམ་གང་སར་ཉུལ་བ་དང་། མཐུ་ལྡན་བདུད་མོ་ནག་ལྷབ་མའི་ཕྱགས་མ་ཞོན་ཞིང་བྱི་ལ་ནག་པོ་ཁྲིད་ནས་ཧབ་ཆ་རྒྱག་ཞོར་དུ་ཁྱིམ་ཚང་རེ་རེའི་སྒོ་བརྡུང་དེ་སྐྲག་སློང་བ་དང་། སྒོ་ཕྱེས་མ་ཐག་འདྲེ་རུ་བརྫུས་པའི“འདྲེ་ཕྲུག”ཚོས། འཇིགས་རུང་གི་རྣམ་འགྱུར་བཏོན་ནས “ཀ་ར་མི་སྟེར་ན་གནོད་སྐྱེལ་རྒྱུ་ཡིན(Trick or Treat)”ཞེས་སྐྲག་སློང་སྲོལ་ཡོད། ༼དབུས་སྐད་དུ་ཀ་ར་ལ་བྱི་རིལ་ཟེར་བ་དང་། བྱི་རིལ་སློང་སྲོལ་དེ་རྗེས་ཀྱི་འགྱུར་བ་ཞིག་རེད༽།
ཧཱ་ལོ་ཝེན༼ Halloween ༽།
ཧཱ་ལོ་ཝེན་ཞེས་པ་དེ་ནི་ནུབ་གླིང་པའི་གདོན་འདྲེའི་དུས་ཆེན་རེད། ཧཱ་ལོ་ཝེན་དང་རང་རེའི་བོད་ཀྱི་དགུ་གདོར་གཉིས་ལ་ཆ་འདྲ་ས་མང་པོ་ཡོད་མོད། སྐབས་སུ་བབ་པའི་བརྗོད་བྱ་མིན་པས་ཞིབ་གླེང་མི་བྱེད། ཧཱ་ལོ་ཝེན་གྱི་ཉིན་མོ་དེར་ནུབ་གླིང་བ་ཚོས་འཇིགས་སུ་རུང་བའི་ལྭ་བ་སྣ་ཚོགས་གོན་ནས་འདྲེ་རུ་བརྫུས་སྟེ་ཚད་འདས་དགའ་སྤྲོའི་དགོང་ཚོགས་སོགས་ལ་རོལ་སྲོལ་ཡོད་པ་རེད།
ཧཱ་ལོ་ཝེན་ཞེས་པའི་མིང་ཚིག་འདིའི་ཡོང་ཁུངས་ནི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཡིན་ཞིང་། ལོ་རེའི་ཕྱི་ཟླ ༡༡ ཚེས ༡ ཉིན་ནི་ཡི་ཤུའི་གནམ་བདག་ཆོས་ལུགས་པ་ཚོས་ལྷ་ཚོགས་བསུ་བའི་དུས་ཆེན་ཡིན་པས་དེ་ལ་ལྷ་ཚོགས་དུས་ཆེན་ཡང་ཟེར།
ལོ་རེའི་ཕྱི་ཟླ ༡༠ ཚེས ༣༡ ཉིན་གྱི་དགོང་མོ་ནི་ཁེད་ཊེ་ཁི(celtic)མི་རིགས་ཀྱི་ལོ་འཁོར་ལོ་ལེགས་མཆོད་འབུལ་གྱི་ཉིན་མོ་ཡིན་པ་དང་། དེ་ཡིས་ལོ་གཅིག་མཇུག་རྫོགས་པ་མཚོན་གྱིན་ཡོད།
ལོ་ངོ ༢༠༠༠ སྔོན་གྱི་ཁེད་ཊེ་ཁི་མི་རིགས༼དེ་རིང་གི་སི་ཀོ་ལནྡི་དང་ཨེར་ལནྡི་མི་རིགས ༽ཚོ་ལོ་གཅིག་གི་ནང་དུ་ཆེས་འཇིགས་སྐྲག་བྱེད་ས་དེ་ལོ་རེའི་ཕྱི་ཟླ ༡༠ ཚེས ༣༡ གི་དགོང་མོ་ལས་མ་འདས། ཁོང་ཚོས་འཇིག་རྟེན་ཁམས་ཀྱི་འཚོ་བ་ཡོད་དོ་ཅོག་ལ་ལྷ་ཡིས་དབང་བསྒྱུར་བྱས་ཡོད་པར་ཡིད་ཆེས་བརྟན་མོ་བྱས་ཡོད་པས་མ་ཚད། འཆི་བདག་སམ་ཧིན་ཕྱི་ཟླ ༡༠ ཚེས ༣༡ གི་དགོང་མོར་འདས་པོ་དང་མཉམ་དུ་ཕྱིར་འགྲོ་བ་མིའི་འཇིག་རྟེན་ལ་ཡོང་གི་ཡོད་པར་ཡང་ཡིད་ཆེས་བྱས་འདུག
དེའི་སྟབས་ཀྱིས། ཁེད་ཊེ་ཁི་མི་རིགས་ཀྱིས་ཉི་མ་དེར་ལོ་ལེགས་སྦྱིན་མཁན་ཉི་མའི་ལྷ་ལ་གུས་འདུད་མཆོད་འབུལ་ཞུས་པ་དང་ཆབས་ཅིག དགུན་ཁར་བསུ་བའང་བྱེད་ཀྱིན་ཡོད། ཡང་ཕྱོགས་གཞན་ཞིག་ན། ཉིན་དེའི་དགོང་མོ་ནི་གདོན་འདྲེའི་ནུས་ཤུགས་ཆེ་དུས་ཀྱང་ཡིན་པ་དང་། བཤད་སྲོལ་ལྟར་ན། ཉིན་མོ་དེར་སླེབས་དུས། འཇིག་རྟེན་ཁམས་ཀྱི་ངེས་ལུགས་ཡོད་ཚད་ནུས་མེད་དུ་གྱུར་ནས་ལྟས་རྟོག་ཉིན་སྲིབ་གཞི་གཅིག་དུ་འདྲེས་པའི་རྐྱེན་གྱིས་གདོན་འདྲེ་ཡིས་ཚེ་སྲོག་ལེན་པའི་གོ་སྐབས་ཁོ་ན་རུ་གྱུར་ཡོད་པ་རེད་འདུག
ཕྱི་ཟླ ༡༠ ཚེས ༣༡ གི་དགོང་མོའི་འཇིགས་སྐྲག་ཆེས་ཆེ་བའི་སྐབས་སུ། ཁེད་ཊེ་ཁི་མི་རིགས་ཀྱིས་གདོན་འདྲེ་གཡོལ་ཐབས་སུ་མེ་དང་མར་མེ་སོགས་འོད་ཀྱི་རིགས་ཐམས་ཅད་བསད་ནས་མུན་ནག་གི་ཞིང་ཁམས་ཤིག་སྐྲུན་པ་མ་ཟད། གཅན་གཟན་རི་དགས་ཀྱི་མགོ་རུས་དང་ལྤགས་པ་སོགས་གོན་ནས་རང་ཉིད་འདྲེ་རུ་བརྫུས་ནས་ངག་ནས་འཇིགས་སུ་རུང་བའི་སྒྲ་བཏོན་ནས་གདོན་འདྲེ་ལ་འཇིགས་སྐུལ་བ་དང་མཉམ་དུ་གདོན་འདྲེ་ཡིས་མི་གང་ཡིན་དང་འདྲེ་གང་ཡིན་བཀར་མི་ནུས་པར་མིག་འཕྲུལ་དུ་བཅུག་ཡོད།
གཅན་གཟན་གྱི་ལྤགས་རིགས་སོགས་གོན་ནས་ངོ་རྟགས་རྫོགས་དོན་ནི། གནའ་སྔ་མོར། གལ་ཏེ་ཐན་པ་སོགས་རང་བྱུང་གི་གནོད་འཚེའི་རིགས་ཚབས་ཆེན་བྱུང་དུས། མཚན་མོར་གང་སར་ཉུལ་གྱིན་པའི་བདག་མེད་རྣམ་ཤེས་ལ་སྐྲག་ནས་མི་རྣམས་ཀྱིས་མདོག་ཉེས་གདོང་འབག་གོན་སྲོལ་ཡོད་ལ། ལྷག་པར་དུ་མཚན་མོར་ཕྱི་རོལ་ལ་འགྲོ་དགོས་ཚེ་གདོང་འབག་གོན་པ་དང་ཡང་ན་གཅན་གཟན་རི་དགས་ཀྱི་ལྤགས་རིགས་གོན་ནས་ངོ་རྟགས་རྫོགས་སྟེ་བདག་མེད་རྣམ་ཤེས་ཀྱིས་ངོ་མི་ཤེས་པ་དང་ཡང་ན་མདོག་ཉེས་གདོང་འབག་ལ་སྐྲག་ནས་བྲོས་འགྲོ་བར་ཡིད་ཆེས་བྱས་འདུག
ལོ་དུས་ཀྱི་འགྱུར་ལྡོག་དང་མཉམ་དུ། ལྷ་ཚོགས་ལ་གུས་འདུད་དང་འདྲེ་ཚོགས་ལ་འཇིགས་སྐྲག་གི་འདུ་ཤེས་དེ་རིམ་གྱིས་ཉམས་ནས་རྗེས་སུ་བྱིས་པ་དག་གིས་གདོང་འབག་དང་གོན་པ་མདོག་ཉེས་རིགས་གོན་ནས་གདོན་འདྲེར་བརྫུས་ནས་ཁྱིམ་ཚང་རེ་རེའི་སྒོ་བརྡུང་ནས“ཀ་ར་མི་སྟེར་ན་གནོད་སྐྱེལ་རྒྱུ་ཡིན”ཞེས་ཀ་ར་སློང་བའི་སྲོལ་རྒྱུན་ཞིག་ཏུ་གྱུར་བ་རེད།
ཕུམ་ཁེན་སྒྲོནམེ༼ Pumpkin Lights ༽།
མདོག་ཉེས་གདོང་འབག་དང་ལྭ་བ་གོན་ནས་གདོན་འདྲེ་རུ་བརྫུས་རྒྱུ་དང་། དེ་མིན་བྱིས་པ་ཚོས་ལག་ཏུ་ཁུག་མ་རེ་བཟུང་ནས་བྱི་རིལ་སློབ་རྒྱུ། དེ་བཞིན་ཁྱིམ་ཚང་སོ་སོའི་སྒོའི་ཕྱི་ལོགས་སུ་སྡོམ་ཚང་དང་ཕྱགས་མ་ཞོན་པའི་མཐུ་ལྡན་གདོན་མོ་ནག་ལྷབ་མ་སོགས་བཟོས་ནས་འཇིགས་རུང་གི་ངང་ཚུལ་སྟོན་སྲོལ་ཡོད་པ་ལས་གཞན། ཧཱ་ལོ་ཝེན་ལ་མ་ཐོན་པའི་ཟླ་གཅིག་གི་ཡས་མས་ནས་ཁྱིམ་ཚང་ཕལ་མོ་ཆེའི་སྒོར་འགྲམ་དུ་རྒྱའི་སྐད་དུ་ནན་ཀྭ་ཞེས་པའི་སྔོ་ཚལ་དེའི་ནང་སྙིང་བྲུས་རྗེས་སྟེང་དུ་འཇིགས་རུང་གི་གདོང་རིས་བརྐོས་ཏེ་ནང་དུ་ཡང་ལཱ་དང་གློག་སོགས་སྤར་སྲོལ་ཞིག་ཀྱང་འདུག
ཧཱ་ལོ་ཝེན་ལ་ཕུམ་ཁེན་སྒྲོན་མེའི་ལུགས་སྲོལ་ཞིག་ཀྱང་ཡོད་པ་དང་། དེ་ལ་ཨེར་ལནྡི་དམངས་ཁྲོད་ན་བྲོ་བ་ཅན་གྱི་བཤད་རྒྱུན་ཞིག་ཡོད། མིང་ལ་ཇཱ་ཁོ་ཟེར་བའི་ཆོ་འཕྲུལ་ཅན་ཞིག་ཡོད། ཉིན་ཞིག་ཇཱ་ཁོ་ཡིས་གདོན་འདྲེ་འགའ་མགྲོན་ལ་བསུས་ནས་མཉམ་དུ་ཨ་རག་འཐུང་། ཨ་རག་འཐུང་ཚར་རྗེས་ཨ་རག་གི་རིན་གོང་སྟེར་རྒྱུ་མེད། དེ་ནས་ཇཱ་ཁོ་ཡིས་རྫུ་འཕྲུལ་བསྟན་ནས་གདོན་འདྲེ་དེ་ཚོ་དངུལ་སྒོར་སྐར་དྲུག་གི་བཏང་སྟེ་ཆང་རིན་སྟེར་རྩིས་བྱས། འོན་ཀྱང་། གློ་བུར་དུ་བློ་གཞན་ཞིག་སྐྱེས་ནས་དངུལ་གྱི་ཤོག་བུས་གདོན་འདྲེ་དེ་ཚོ་བཏུམས་ནས་ཕྱིར་ཡོང་མི་ཐུབ་པ་བཟོས། དེ་ནས་གདོན་འདྲེ་དེ་ཚོས་ཇཱ་ཁོ་ལ་ཞུ་བ་འཐེན་ནས། གལ་ཏེ་ཁོང་ཚོ་ཕྱིར་བཏང་བ་ཡིན་ན་ད་ནས་བཟུང་ཁོང་ལ་གནོན་མི་སྐྱེལ་ཞེས་ཁས་ལེན་ཡང་ཡང་བྱས་མཐར། ཇཱ་ཁོ་ཡིས་ཁོང་ཚོ་ཕྱིར་བཏང་། དེ་ནས་ལོ་རྗེས་མའི་ཧཱ་ལོ་ཝེན་གྱི་སྐབས་སུ་གདོན་འདྲེ་ཚོས་ཡང་བསྐྱར་ལོ་གཅིག་གི་ནང་དུ་ཇཱ་ཁོ་ལ་གནོན་མི་སྐྱེལ་རྒྱུ་ཁས་བླངས། ཡིན་ན་ཡང། སྟབས་མ་ལེགས་པ་ཞིག་ལ་དེ་ནས་ཅུང་མ་འགོར་བར་ཇཱ་ཁོ་ཚེ་ལས་འདས། ཇཱ་ཁོའི་རྣམ་ཤེས་ལྷ་ཡུལ་ལ་སོང་བ་ན། ལྷ་ཡུལ་གྱིས་ཁོང་ངོས་ལེན་མ་བྱས་པ་དང་། དེ་ནས་དམྱལ་བའི་ཡུལ་ལ་སོང་ཚེ། གདོན་འདྲེས་ལོ་དེ་གང་པོར་ཁོང་ལ་གནོད་མི་སྐྱེལ་རྒྱུ་ཁས་ལེན་བྱས་ཡོད་སྟབས་དམྱལ་བའི་ཡུལ་གྱིས་ཀྱང་ཁོང་ངོས་ལེན་མ་བྱས། ལྷ་ཡུལ་དང་དམྱལ་བའི་ཡུལ་གཉིས་ཀས་ཇཱ་ཁོ་ངོས་ལེན་བྱས་མེད་པས། ཇཱ་ཁོ་ཡི་ཅི་བྱེད་འདི་བྱེད་མ་ཤེས་པར་བར་དོ་རུ་ཉུལ་ནས་འགྲོ་དུས། འགྲོ་ལམ་ཡོད་ཚད་ཧ་ཅང་མུག་ནག་ཡིན་པས་འགྲོ་ལམ་ཞིག་ཀྱང་བརྙེད་དཀའ་བར་གྱུར། སྐབས་དེ་འདྲ་ཞིག་ལ། ཇཱ་ཁོ་ལ་གནོད་མི་སྐྱེལ་ཁོས་ལེན་བྱས་པའི་གདོན་འདྲེ་དེ་ཚོས་མཐོང་ནས་ཁོང་ཚོས་རྡོ་སོལ་གྱི་མེ་ལང་ཞིག་ཇཱ་ཁོ་ལ་སྤྲད་ནས་འགྲོ་ལམ་མཐོང་ཐབས་བྱས། ཇཱ་ཁོ་ཡི་མེ་ལང་དེ་ཨ་རྡོག (Turnip) ཅིག་གི་ནང་སྙིང་བྲུས་ནས་ནང་དུ་བཞག་ནས་རྡོ་སོལ་གྱི་མེ་དེ་གནས་ཐབས་བྱས། བཤད་རྒྱུན་དེ་གཞིར་བཟུང་ནས། ཨེར་ལནྡི་མི་རིགས་ཀྱིས་ཨ་རྡོག་གིས “ཇཱ་ཁོ་སྒྲོན་མེ”བཟོས་པ་རེད། ཡིན་ན་ཡང་། ཁོང་ཚོ་རྗེས་སུ་ཨ་མེ་རི་ཀའི་གླིང་ཆེན་དུ་སྐྱབས་བཅོལ་ཆེད་གཞི་སྤོར་རྗེས། ཨ་མེ་རི་ཀ་གླིང་ཆེན་དུ་ཨ་རྡོག་ཤིན་ཏུ་དཀོན་ཡང་ཕུམ་ཁེན་ནམ་ནན་ཀྭ་མང་པོ་ཡོད་པ་མཐོང་ནས་ནན་ཀྭ་ཡིས་ཨ་རྡོག་གི་གི་ཚབ་བྱས་ཏེ“ཇཱ་ཁོ་སྒྲོན་མེ”བཟོས་པ་རེད།
འདི་ནི་ཧཱ་ལོ་ཝེན་དང་ཇཱ་ཁོ་སྒྲོན་མེའི་བྱུང་རབས་བསྡུས་པ་ཞིག་ཡིན།
གདོད་མའི་སྐབས་སུ་གོ་ལའི་ཤར་ནུབ་གང་སའི་མི་རིགས་སྤྱི་ཚོགས་ཁྲོད་ཐུན་མོང་གི་མཚུངས་ཆས་ཤིག་ཡོད་པ་ནི། ལོ་སྙིང་བསྐྱལ་ནས་བཀའ་དྲིན་ཞུ་བ་དང་ལོ་གསར་བསུས་ནས་རེ་སྨོན་བཅོལ་བ། དེ་བཞིན་ལྷ་ཞེས་གྲོགས་ཤིག་དང་འདྲེ་ཞེས་དགྲ་ཞིག་ཡོད་པའི་ལྟ་ཚུལ་དེ་རེད། དེ་ནི་ཕྱིའི་ཁོར་ཡུག་དང་ནང་སེམས་ཁམས་གཉིས་ཟུང་དུ་འབྲེལ་ནས་གྲུབ་པའི་སྣང་ཚུལ་ཞིག་ཡིན་པ་དང་། དད་པ་ཅན་གྱི་མིའི་རིགས་ཀྱི་ཐུན་མོང་རིག་གནས་ཞིག་ཀྱང་རེད་བསམ་བྱུང་།