
ལོ་ངོ ༦༦གི་རྗེས་སུ། ཀྲུང་ཧྭ་མི་སེར་རྒྱལ་ཁབ་གྱི་སྲིད་འཛིན་མཱ་ཡིན་ཇུག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་སྲིད་འཛིན་ཞི་ཅིན་ཕེང་གཉིས་མཇལ་འཕྲད་གནང་ནས་ལོ་རྒྱུས་ཀྱི་ཤོག་ངོས་གསར་བ་ཞིག་ཁ་འབྱེད་པ་དང་། མཱ་ཡིན་ཇུག་གིས་ཀྲུང་ཧྭ་མི་རིགས་དར་རྒྱས་ཀྱི་རེ་བར་འཇུས་ཡོད་ཅེས་དང་། ཞི་ཅིན་ཕེང་གིས་ལོ་རྒྱུས་ཀྱི་སྐྱོ་གར་ཡང་བསྐྱར་མི་སྟོན་གྱི་ཆེད་དུ་མཉམ་གཅིག་ཏུ་བཞུགས་པ་ཡིན་ཟེར།
ཕྱི་ལོ ༡༩༤༩ ལོར་རྒྱ་ནག་གུང་ཁྲན་ཚོགས་པའི་སྲིད་དབང་དབུ་བརྙེས་པ་དང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་གཞུང་ཐེ་ཝན་གླིང་ཕྲན་དུ་གཞི་སྤོར་པའི་རྗེས་སུ། ཕྱི་ལོ ༢༠༡༥ལོའི་ཟླ ༡༡ ཚེས ༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡས་མས་ལ། སིན་གྷ་པོ་ཡི་ཤམ་པ་ལ་གསོལ་མགྲོན་ཁང་དུ་རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ཝན་གྱི་དབུ་ཁྲིད་རྣམ་པ་གཉིས་ཐོག་དང་པོར་མཇལ་འཕྲད་གནང་བ་དང་། ཐེ་ཝན་སྲིད་འཛིན་མཱ་ཡིན་ཇུག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་རྣམ་པ་གཉིས་ཀྱིས་འཛུལ་དམུལ་དམུལ་གྱི་ངང་དུས་ཡུན་སྐར་མ་གཅིག་ལྷག་གི་རིང་ལག་འཇུས་བྱས་ཏེ་གསར་འགོད་པར་དྲུག་བརྒྱ་ལྷག་ལ་པར་འདྲ་སྒྲོན་དུ་བཅུག་རྗེས། དེ་གའི་མི་རྣམས་ལ་ཕྱག་གཡུག་གཡུག་གི་འཚམས་ཞུ་དང་མཉམ་དུ་གྲོས་མོལ་ཚོགས་ཁང་དུ་ཕེབས་ནས་གསང་བའི་བཀའ་མོལ་གནང་བ་རེད།
གྲོས་མོལ་སྐབས་གཏམ་བཤད་མཁན་དང་པོ་དེ་ཞི་ཅིན་ཕེང་ཡིན་ཞིང་། ཁོང་གིས་མཚོ་འགག་ཕྱོགས་གཉིས་ཀའི་མི་དམངས་ཁ་བྲལ་ནས་དུས་ཡུན་ག་ཚོད་ཅི་ཕྱིན་ཡོད་ཀྱང་། དཀའ་སྡུག་ག་ཚོད་ཅིག་བརྒྱུད་ཡོད་ཀྱང་། མཚོ་འགག་ཕྱོགས་གཉིས་ཁ་བྲལ་དུ་གཏོང་རྒྱུའི་སྟོབས་ཤུག་སུ་གཅིག་ལའང་མེད། རྒྱུ་མཚན་ནི། མཚོ་འགག་གཉིས་ནི་རུས་པ་བཅག་ཀྱང་རྩ་རྒྱུས་འབྲེལ་པའི་རིགས་གཅིག་མི་རིགས་ཡིན། ཤ་རུས་གདོང་རྒྱུད་གཅིག་པའི་རྒྱ་རིགས་སྤུན་ཟླ་ཡིན་ཞེས་པ་དང་ཆབས་ཅིག མཚོ་འགག་ཕྱོགས་གཉིས་ཀས “གོ་གཉིས་ལོའི་ཐུན་མོང་གྲོས་མཐུན”རྒྱུན་འཁྱོངས་བྱེད་རྒྱུའི་རེ་བ་ཡོད་ལ། ཕྱོགས་གཉིས་ཀའི་སྤུན་ཟླ་ཚོས་མི་རིགས་དར་རྒྱས་གཟི་བརྗིད་དང་སྤྲོ་སྐྱིད་མཉམ་གཅིག་ཏུ་རོལ་རྒྱུའི་རེ་བའང་ཡོད་ཅེས་ནན་གྱིས་བརྗོད་འདུག
ཐེ་ཝན་སྲིད་འཛིན་མཱ་ཡིན་ཇུག་གིས་མཇལ་མོལ་སྐབས་མཚོ་འགག་ཕྱོགས་གཉིས་ཞི་བདེ་ཡོང་བའི་དགོས་འདུན་དོན་ཚན་ལྔ་ཡོད་པ་དང་དང་། དེ་དག་ནི།
༡༽གོ་གཉིས་ལོའི་གྲོས་མཐུན་རྒྱུན་འཁྱོངས་དང་ད་ལྟའི་གནས་བབ་སོར་འཇོག
༢༽དགྲ་འཛིན་གྱི་གནས་སྟངས་ཇེ་དམའ་རུ་བཏང་ནས་ཞི་བདེའི་ངང་རྩོད་གཞིའི་རིགས་སེལ་རྒྱུ།
༣༽མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་འདྲེས་ཇེ་མང་དུ་བཏང་ནས་གཉིས་ཕན་གཉིས་རྒྱལ་གྱི་ལས་དོན་སྤེལ་རྒྱུ།
༤༽མཚོ་འགག་ཕྱོགས་གཉིས་ཀར་དམིགས་བསལ་སྐུད་ལམ་བཙུགས་ནས་ཛ་དྲག་གི་གནས་ཚུལ་སེལ་རྒྱུ།
༥༽མཚོ་འགག་ཕྱོགས་གཉིས་མཉམ་ལས་བརྒྱུད་ཀྲུང་ཧྭ་དར་རྒྱས་ལ་ཤེད་ཤུགས་འདོན་རྒྱུ།
མཱ་ཡིན་ཇུག་གིས་དགོས་འདུན་དོན་ཚན་ལྔ་བོ་དེ་རང་དོན་ཁོ་ནའི་ཆེད་དུ་མིན་ལ་བུ་རབས་ཚ་རྒྱུད་ཚོའི་བདེ་སྐྱིད་ཀྱི་སླད་དུ་ཡིན་ཞེས་ནན་བརྗོད་གནང་འདུག
དུས་ཡུན་ཆུ་ཚོད་སྐར་མ ༥༠རིང་གི་གསང་བའི་གྲོས་མོལ་གྱི་རྗེས་སུ་བསྐོངས་པའི་གསར་འགོད་གསལ་བསྒྲགས་སྟེང་རྒྱ་ནག་ཕྱོགས་ནས་ཐེ་ཝན་ལས་དོན་ཚོགས་ཆུང་གི་འགན་འཛིན་ཀྲང་ཀྲི་ཇོན་གྱིས་ཞི་ཅིན་ཕེང་གི་སྐུ་ཚབ་བྱས་ཡོད་པ་དང་། ཀྲང་གིས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོའི་འབྲེལ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་མིན་ལ། ཀྲུག་གོ་གཅིག་དང་ཐེ་ཝན་གཅིག་ཡང་མིན། ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཚང་མས “གོ་གཉིས་ལོའི་ཐུན་མོང་གྲོས་མཐུན་རྒྱུན” འཁྱོངས་བྱེད་རྒྱུར་རེ་བ་ཡོད་ཅེས་དང་། སྲིད་འཛིན་མཱ་ཡིན་ཇུག་དངོས་སུ་གསར་འགོད་གསལ་བསྒྲགས་སྟེང་ཕེབས་ནས་གསལ་བཤད་བྱས་ཡོད་པ་དང་། སྐབས་དེར་མཱ་ཡིན་ཇུག་གིས་ཞི་ཅིན་ཕེང་དང་མཇལ་མོལ་སྐབས་ཁོང་གིས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་དགོས་ངེས་ཀྱི་ལངས་ཕྱོགས་དམ་སྲུང་བྱས་ཡོད་ལུགས་གསལ་བཤད་དང་ཆབས་ཅིག ཐེ་ཝན་མི་དམངས་ཀྱི་སེམས་ཁྲལ་བྱེད་ཡུལ་ཐེ་ཝན་གླིང་ཕྲན་ལ་ཁ་གཏད་པའི་མེ་ཤུགས་འཕུར་མདའི་གནད་དོན་གླེང་ཡོད་ལ། དེའི་ལན་དུ་ཞི་ཅིན་ཕེང་གིས་མེ་ཤུགས་འཕུར་མདའ་དེ་དག་ཐེ་ཝན་ལ་ཁ་གཏད་པ་ཞིག་མིན་ཞེས་འགྲེལ་བཤད་བྱས་ལུགས་གསལ་བཤད་བྱས་འདུག
ཐེངས་འདིའི་ཞི་ཅིན་ཕེང་དང་མཱ་ཡིན་ཇུག་གི་མཇལ་འཕྲད་སྐབས་གཅིག་གིས་གཅིག་ལ “སྐུ་ཞབས” ཞེས་འབོད་པ་ལས་སྲིད་འཛིན་དང་བློ་མཐུན་སོགས་བཀོལ་མེད་པ་རེད།
ཞི་ཅིན་ཕེང་དང་མཱ་ཡིན་ཇུག་གི་མཇལ་འཕྲད་དེར་སྤྱིར་ན་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་མོ་བྱས་ཡོད་ལ། སྒོས་སུ་ཐེ་ཝན་མི་དམངས་ཀྱི་དོ་སྣང་འཕར་མ་ཞིག་བྱས་འདུག ཞི་ཅིན་ཕེང་དང་མཱ་ཡིན་ཇུག་གཉིས་ཀྱིས་སིན་གྷ་པོ་རུ་མཇལ་འཕྲད་དང་དུས་མཉམ་དུ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་ཡུལ་མི་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་དང་སྲིད་འཛིན་འོས་མི་ལྕམ་ཚེ་ཡིན་བིན་གྱིས། ཞི་ཅིན་ཕེང་དང་མཱ་ཡིན་ཇུག་གི་མཇལ་མོལ་གྱི་གནས་ཚུལ་གོ་བའི་རྗེས་སུ། ཐེ་ཝན་མི་དམངས་ལ་ང་དང་གཅིག་མཚུངས་ཀྱི་ཡིད་ཆད་ཡོད་པ་ང་ལ་ཡིད་ཆེས་ཡོད། སྲིད་འཛིན་མཱ་ཡིན་ཇུག་གིས་ལྐོག་ཇུས་སྒམ་གང་ཁྱེར་ནས་སོང་བ་རེད་ལ། རྩོད་གཞི་དང་རྙོག་དྲ་སྒམ་མང་ཁྱེར་ནས་ཕྱིར་ཡོང་གི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག
ཕྱི་ལོ ༡༩༤༩ ལོའི་ཟླ ༨པར། མའོ་ཙེ་ཏུང་གསར་བརྗེའི་བསྟི་གནས་ཡན་ཨན་ནས་གནམ་གྲུར་བསྡད་དེ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྒྱལ་ས་ཁྲོན་ཆིན་དུ་ཕེབས་ནས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་འཛིན་ཅང་ཇེ་ཧྲི་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་ནི་རྒྱ་ནག་གི་སྲིད་དབང་འཕྲོག་རྩོད་བྱེད་ཀྱིན་པའི་གུང་ཁྲན་ཚོགས་པ་དང་གོ་མིན་ཏང་ཚོགས་པའི་དབུ་ཁྲིད་མཇལ་འཕྲད་གནང་བ་མཐའ་མ་དེ་རེད།