ཨ་རི་ན་རྒྱ་གཞུང་གི་གསང་བའི་བརྙན་འཕྲིན་ཁང ༡༥ ཡོད་པ་ཤེས་འདུག

CRI-News-Radio-FM-Logo
རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁང་།

རའོ་ཡེ་ཊིར་གསར་ལས་ཁང་གི་གནས་ཚུལ་ལ་གཞིགས་ན། ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་གྱི་ཉེ་འདབས་ན་ཡོད་པའི་བིར་རྗི་ནེ་ཡ་མངའ་སྡེའི་ལོ་ཌོན་རྫོང་ས་གནས་རླུང་འཕྲིན་ཁང་གི་ལེ་ཚན་མང་པོ་ཞིག་གི་ནང་དོན་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་རྒྱ ༼ནག་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁང(CRI)༽གིས་བཟོ་སྒྲིག་དང་མཁོ་སྤྲོད་བྱས་པ་རྐྱང་རྐྱང་ཡིན་ཞིང་།  དེ་བཞིན་ཨ་རིའི་གྲོང་ཁྱེར ༡༥འི་ནང་དེ་ལྟ་བུའི་རླུང་བརྙན་འཕྲིན་ཁང་ཡོད་པ་དང་། གྲོང་ཁྱེར་དེ་དག་གི་ཁོངས་སུ་རྒྱལ་ས་ཝ་ཞིན་ཊིན་དང་། ཧྥེ་ལེ་ཌེ་ཧྥེ་ཡ། བྷོ་སི་ཊོན། ཧའུ་སི་ཊོན་སོགས་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་སྨྱན་བྱད༼གོ་ལའི་དུས་བབ༽ ཀྱིས་སྤེལ་བའི་ཆེད་བརྗོད་རྩོམ་ཡིག་ནང་ཁ་ལན་ཚིག་རྒྱག་གིས། ཨ་རིའི་ས་གནས་རླུང་བརྙན་འཕྲིན་ཁང་གིས “—— རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁང་གི་ལེ་ཚན་བཏང་བ་ཙམ་རེད། འདི་ལྟ་བུའི་མཉམ་ལས་རིགས་ཉི་མ་རེ་རེར་འཛམ་གླིང་སྟེང་ག་ཚོད་ཅིག་ཡོད་པ་སུས་ཤེས། ༼ ནིའུ་ཡོག་དུས་བབ༽ སོགས་ཨ་རིའི་སྨྱན་བྱད་གཙོ་གྲས་རིགས་ཀྱིས་ཕྱི་ཕྱོགས་སུ་གང་བྱུང་པར་ངོས་བཙོང་ནས་གླ་དངུལ་ལེན་སྲོལ་ལས། ཕྱིའི་རྒྱལ་ཁབ་དང་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་དེ་དག་གི་རིན་ཐང་མཚོན་པའི་རྩོམ་ཡིག་རིགས་སྤེལ་ནས་དྲིལ་བསྒྲགས་བྱེད་ཀྱིན་ཡོད།”ཅེས་བཀོད་འདུག

ཕྱི་ངོས་ཙམ་ནས་བལྟས་ན། ༼ གོ་ལའི་དུས་བབ༽ཀྱི་བཤད་སྲོལ་དེ་བདེན་པ་རེད། ཨ་རིའི་ཚགས་པར་གཙོ་བོའི་རིགས༼ཝ་ཞིན་ཊོན་བང་ཆེན༽གྱིས་ཤོག་ངོས་གཅིག་རྒྱ་ནག་གི་གཞུང་འབྲེལ་ཚགས་པར་ཁང༼རྒྱ་ནག་ཉིན་རེའི་ཚགས་པར༽ལ་བཙོང་ནས ༼རྒྱ་ནག་ལྟ་ཞིབ༽ཟེར་བའི་ཟུར་ཤོག་ཅིག་སྤེལ་གྱིན་ཡོད། རྒྱ་ནག་དབུས་བརྙན་འཕྲིན་ཁང་ཡང་ཨ་རི་ན་ཡོད་པའི་མ་ཚད་ཡན་ལག་ལས་ཁང་རྒྱལ་ས་ཝ་ཞིན་ཊོན་ན་བཙུགས་ཡོད་པ་དང་། ཨ་མེ་རི་ཀའི་གསར་འགྱུར་ལས་རིགས་མི་སྣ་གྲགས་ཅན་སྐོར་ཞིག་གླས་ནས་ཨ་རི་ནས་ལེ་ཚན་བཟོ་སྒྲིག་དང་རྒྱང་སྲིང་བྱེད་མུས་སུ་ཡོད།

ཨ་རི་ན་འཛམ་གླིང་སྟེང་གི་ཆེས་རང་དབང་ཅན་དང་སྣ་མང་ཅན་གྱི་གསར་འགྱུར་མ་ལག་ཡོད་ལ། སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང་ནི་ཨ་མེ་རི་ཀའི་རིན་ཐང་གི་ལྟ་བ་གཙོ་བོ་ཡིན་པ་མ་ཟད་རྒྱལ་ཁབ་ཀྱི་གཞི་རྟེན་ཡང་ཡིན། འོ་ན། རྒྱ་ནག་རྒྱལ་སྤྱིའི་རླུང་བརྙན་འཕྲིན་ལས་ཁང་གི་གྱོད་དོན་དེ་ཅིའི་ཕྱིར་གསར་འགྱུར་སྨྱན་བྱད་སྡེ་ཁག་གི་དོ་སྣང་བྱེད་ཡུལ་དུ་གྱུར་ནས། ཨ་རིའི་ཁྲིམས་འཛིན་དང་འཛིན་སྐྱོང་ལྟ་སྐུལ་སྡེ་ཚན་གྱི་བརྟག་དཔྱོད་བྱེད་དགོས་པར་གྱུར་བ་རེད་དམ་ཞེ་ན།

ཇན ཁིར་ཊི་ལེ་ནི་ཨ་རིའི་མེ་ནེ་སོ་ཌ་སློབ་ཆེན་གྱི་ཁྲིམས་ལུགས་རིག་པ་དང་གསར་འགྱུར་རིག་པའི་སློབ་དཔོན་རེད། སྨྱན་བྱད་ཁྲིམས་སྲོལ་གྱི་ཞིབ་འཇུག་དང་སློབ་ཁྲིད་ལས་དོན་ནི་ཁོང་མོའི་ཆེད་ལས་རེད། ཇན ཁིར་ཊི་ལེ་ཡིས་བརྗོད་པ་ལྟར་ན། རྒྱ་ནག་རྒྱལ་སྤྱིའི་རླུང་བརྙན་འཕྲིན་ལས་ཁང་གི་གྱོད་དོན་དང་རྒྱ་ནག་གི་སྨྱན་བྱད་གཞན་བར་གྱི་ཁྱད་པར་ནི། ཐོག་མར། གྱོན་དོན་དེ་དག་ཐུག་ས་དེ་རླུང་བརྙན་འཕྲིན་ཁང་རེད། རླུང་བརྙན་འཕྲིན་ཁང་དེ་དག་གི་བདག་དབང་མང་ཆེ་བ་རྒྱ་ནག་གིས་བཟུང་ཡོད་པས། ཨ་རིའི་བརྡ་འཕྲིན་ལྷན་ཁང་གི་སྒྲིག་སྲོལ་ལྟར་ན། ཕྱིའི་གདོས་བཅས་སུ་གང་གིས་ཨ་རིའི་རླུང་བརྙན་འཕྲིན་ལས་ཁང་གཉེར་སྐྱོང་འཁྲོལ་འཛིན་ཁྲོད་མ་རྐང་གཙོ་བོ་དང་མང་ཤོས་བཟུང་མི་ཆོག་ཅེས་གཏན་འབེབས་བྱས་འདུག གཙོ་བོ་མངོན་གསལ་ཚད་ཀྱི་གནད་དོན་རེད། ཨ་རིའི་བརྡ་འཕྲིན་ལྷན་ཁང་དང་མང་ཚོགས་ཀྱིས་རླུང་བརྙན་འཕྲིན་ཁང་དེ་དག་གཉེར་སྐྱོང་འཁྲོལ་འཛིན་སྐབས་བདག་དབང་དང་ཁེ་ཕན་བགོ་བཤའི་གནས་ཚུལ་ངེས་པར་དུ་ཤེས་དགོས། དེ་ལས་གཞན་གནད་དོན་ཞིག་ནི། ཨ་རིའི་བརྡ་འཕྲིན་ལྷན་ཁང་གི་སྲོལ་ཡིག་ཏུ་བཀོད་པའི་ཕྱིའི་རྒྱལ་ཁབ་དང་གཞུང་གི་སྐུ་ཚབ་ཀྱིས་ཨ་མེ་རི་ཀར་ཐུན་མོང་གླེང་ཕྱོགས་དང་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ལས་འགུལ་རིགས་སྤེལ་དགོས་ཚེ། དེ་ཡིས་ངེས་པར་དུ་ཨ་རིའི ༼ ཕྱིའི་རྒྱལ་ཁབ་ལས་ཚབ་པའི་ཁྲིམས་སྲོལ༽གྱི་ནང་དོན་ལྟར་ཐོ་འགོད་དགོས། ཡིན་ན་ཡང་། རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁང་གི་གྱོད་དོན་གྱི་ད་ལྟའི་གནས་སྟབས་ལྟར་ན། རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁང་གི་སྐུ་ཚབ་ཀྱིས་ཁྲིམས་སྲོལ་ལ་བརྩི་བཀུར་གྱིས་ཐོ་འགོད་བྱས་མེད་པ་འདྲ།

རའོ་ཡེ་ཊིར་གསར་ལས་ཁང་གིས་བཏོན་པའི་ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་གྱི་ཉེ་འདབས་ན་ཡོད་པའི་བིར་རྗི་ནེ་ཡ་མངའ་སྡེའི་ལོ་ཌོན་རྫོང་ས་གནས་རླུང་འཕྲིན་ཁང WCRW ཞེས་པ་དེ། དེ་སྔོན་འཕྲོ་གཏོང་ནུས་ཤུགས་སྟོང་ཝཱ་ལྔ་སྟོང་ལས་མེད་པའི་རླུང་འཕྲིན་ཁང་ཆུང་ཆུང་ཞིག་རེད། ༢༠༠༥ ལོར། མིང་ལ“ཕོ་ཊོ་མཱ་ཁི་རླུང་འཕྲིན་ཁང”(Potomac Radio LLC)ཟེར་བ་ཞིག་གིས་ཉོས་པ་དང་། དེ་ནས ༢༠༠༩ ལོར་ལོ་ཌོན་རྫོང་དུ་འཕྲོ་གཏོང་ལྕགས་སྡོང་གསུམ་བཙུགས་ནས་འཕྲོ་གཏོང་ནུས་ཤུགས་སྟོང་ཝཱ་ཁྲི་ལྔ་རུ་སྤར་པ་དང་ཆབས་ཅིག དེ་ཡི་བརྡ་རྟགས་ཀྱང་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ཁྱོན་ཡོངས་ལ་ཁེབས་འདུག རྗེས་སུ་བརྟག་དཔྱོད་ལས་ཤེས་པ་ནི། ལོ་ཌོན་རྫོང་གི་རླུང་འཕྲིན་ལས་ཁང་གི་སྤེལ་གཏོང་དུས་ཚོད་ཡོད་ཚད་རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁང་དང་ཡན་ལག་ལས་ཁངG&E ཡིས་གླས་ཡོད་འདུག

བརྟག་དཔྱོད་ལྟར་ན། G&Eལས་ཁང་ཟེར་བ་དེའི་བདག་པོ་ནི་མིང་ལ་སུ་ཡན་ཐའོ་ཟེར་བའི་ཧྲང་ཧེ་ཡི་རྒྱ་མི་ཞིག་རེད། ༡༩༨༩ ལོར་ཨ་རིའི་སློབ་སྦྱོང་ཆེད་ཡོང་། དེ་ནས་རིམ་གྱིས་ཨ་རིའི་མི་སེར་ནང་ཞུགས་ཡོད་པ་དང་།  ༢༠༠༩ ལོར་གོང་ཞུས G&E ཞེས་པའི་ལས་ཁང་དེ་བཙུགས་འདུག ཨ་རིའི་བརྡ་འཕྲིན་སྲོལ་ཡིག་ལྟར་ན། ཕྱིའི་རྒྱལ་ཁབ་དང་གཞུང་གིས་ཨ་རིའི་རླུང་བརྙན་འཕྲིན་ཁང་གི་བདག་དབང་གི་མ་རྐང་བརྒྱ་ཆའི ༢༠ ལས་འཛིན་མི་ཆོག་པ་གཏན་འབེབས་བྱས་འདུག ཡིན་ན་ཡང་རའོ་ཡེ་ཊིར་གྱི་བརྟག་དཔྱོད་ལ་གཞིགས་ན། སུ་ཡན་ཐའོ་ཡི G&Eལས་ཁང་གིས་རླུང་བརྙན་འཕྲིན་ཁང་དེ་དག་གི་མ་རྐང་མང་པོ་ཞིག་བཟུང་མེད་ཀྱང་། རྒྱ་ནག་རྒྱལ་སྤྱིའི་རླུང་འཕྲིན་ཁང་གིས་མ་རྐང་གི་རྒྱབ་ཆའི་དྲུག་ཅུ་བཟུང་ཡོད་འདུག

ཨ་རིའི་བིར་རྗི་ནེ་ཡ་མངའ་སྡེའི་ལེ་སི་བྷིར་གྷི་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ལྕམ་ཁེ་ལེ བྷིར་ཁི་ལགས་ཀྱིས་དེ་སྔ་ལོ་ཌོན་རྫོང་གྲོས་ཚོགས་ཀྱི་འཐུས་མིའི་འགན་བཞེས་མྱོང་ཡོད་པ་དང་། སྐབས་དེར“ཕོ་ཏོ་མཱ་ཁི་རླུང་འཕྲིན་ལས་ཁང”རྒྱ་སྐྱེད་འཛུགས་སྐྲུན་གྱི་སྙན་ཐོར་ཞིབ་དཔྱོད་བྱས་ཡོད་པ་རེད། ལྕམ་ཁེ་ལེ་ཡིས་སྨྱན་བྱད་ཁག་ལ་བརྗོད་དོན། བདག་གིས་ངོས་ལེན་བྱེད་མི་ཐུབ་པ་ཞིག་ནི་ཁོང་ཚོའི་རྫུན་བག་དང་གཡོ་ཟོལ་རེད། ཁོང་ཚོས་ང་ཚོར་ཡིག་ཆ་དང་གནས་ཚུལ་རྫུན་མ་རྐྱང་རྐྱང་མཁོ་སྤྲོད་བྱས་ཞིང་། ཁོང་ཚོའི་སྙན་ཐོ་དེར་དམིགས་ཡུལ་ངན་པ་ཡོད་པ་ངས་ཚོར་སོང་། དེ་མིན་ཁོང་ཚོས་ད་དུང་མི་སྣ་མ་སྣ་ཚོགས་ཁྲིད་ཡོང་ནས་བདེན་དཔང་བྱེད་ཐབས་བྱས་ཡོད་ལ། བདེན་དཔང་དུ་ཡོང་བའི་མི་དེ་དག་ལའང་རྫུན་བཤད་ནས་མགོ་གཡོག་མགོ་སྐོར་བཏང་ཡོད་པ་ཡིད་ཆེས་བྱས་ཆོག ཁོང་ཚོས་དེང་ཐོག་ནས་ས་གནས་རླུང་འཕྲིན་ཁང་དེས་ས་གནས་མི་དམངས་ལ་ཞབས་ཞུ་སྒྲུབ་བསམ་མེད། ཁོང་ཚོའི་སེམས་ན་ཡོད་པ་ནི་གཡོ་སྒྱུ་དང་རྫུན་སྒྲིག་ནས་ས་གནས་གྲོས་ཚོགས་ཀྱིས་ཆོག་མཆན་ལེན་ཐབས་བྱ་རྒྱུ་ཁོ་ན་དེ་རེད། དེ་བཞིན་ལྕམ་ཁེ་ལེ་ཡིས་སྐབས་དེ་དུས་མོས་མཐུན་མ་བྱས་པར་ངོ་རྒོལ་འོས་ཤོག་ལྡུག་ཡོད་པ་རེད། སྐབས་དེ་དུས་ནས་རྒྱ་ནག་གཞུང་དང་འབྲེལ་བ་ཡོད་ཚུལ་གོ་ཐོས་ཡོད་ཀྱང་གདལ་གཏམ་འབའ་ཞིག་ཡིན་པས། ཁོང་མོའི་ངོ་རྒོལ་དེའང་འཕྲོ་གཏོང་ལྕགས་སྡོང་གི་བཀོལ་སྤྱོད་བྱེད་ཡུལ་དང་དེ་སྐྲུན་སའི་ས་གནས་བཅས་ལ་བྱས་པ་རེད།

ཨ་རིའི་མེ་ནེ་སོ་ཌ་སློབ་ཆེན་གྱི་ཁྲིམས་ལུགས་རིག་པ་དང་གསར་འགྱུར་རིག་པའི་སློབ་དཔོན་ཇན ཁིར་ཊི་ལེ་ཡིས་བརྗོད་པ་ལྟར། དེ་ཀར་རྒྱ་ནག་གཞུང་གི་སྨྱན་བྱད་ཀྱིས་ལེ་ཚན་བཟོ་སྐྲུན་བྱས་པ་ཙམ་མ་ཡིན་པར། མི་སྒེར་དང་ཚོགས་སྡེ་གང་ཞིག་གིས་གཉེར་སྐྱོང་དང་འཁྲོལ་འཛིན་ཞུ་སྐབས། ངེས་པར་དུ་གསལ་བཤད་གསལ་བོ་བྱེད་དགོས་པ་ཞིག་ནི། ལས་རིམ་ཅི་ཞིག་སྤེལ་གཏོང་བྱ་རྒྱུ་དང་། ལས་རིམ་དེ་དག་ས་གནས་རང་ནས་བཟོ་སྒྲིག་བྱ་རྒྱུ། རོལ་མོ་ཅི་ཞིག་གཏོང་རྒྱུ། ལས་རིམ་གྱི་ནང་དོན་ནི་ཐུན་མོང་ལས་དོན་རིགས་ཡིན་ནམ། ཡང་ན་རོལ་རྩེད་རིགས་ཡིན་པ་སོགས། གོ་བདེ་བར་བཤད་ན། ལས་རིམ་གྱི་ནང་དོན་དང་ཡོང་ཁུངས་ངེས་པར་དུ་ཕྱི་གསལ་ནང་གསལ་ཡིན་དགོས་པ་རེད།

གྱོན་དོན་དེ་དང་འབྲེལ་ཡོད་ཕྱོགས་སོ་སོ་ཁྲིམས་ལུགས་དང་སྲོལ་ཡིག་དང་འགལ་ཡོད་མེད་ཁྲིམས་འཛིན་ལས་ཁང་དང་བརྡ་འཕྲིན་ལྷན་ཁང་གིས་བཀའ་བཅད་གཏོང་དགོས། གལ་དེ་མི་ལ་ལས་འཁྲོལ་འཛིན་སྙན་ཞུ་སྐབས་སུ། མ་དངུལ་ཡོང་ཁུངས་དང་ལས་ཁང་གི་བདག་དབང་གནད་དོན་ཐད་རྫབ་བེ་རྫོབ་བེའི་མ་ཡིན་ཡིན་མདོག་དང་མི་བདེན་རྫུན་སྒྲིག་བྱས་ཡོད་ཚེ། དེ་འཁྲོལ་འཛིན་རྩིས་མེད་དུ་གཏོང་བ་དང་ཡང་ན་ཉེས་ཆད་གཅོད་རྒྱུའི་བདེན་དཔང་དུ་འགྲོ་སྲིད་པ་རེད། ཡིན་ན་ཡང་། ༼ ཕྱིའི་རྒྱལ་ཁབ་ལས་ཚབ་པའི་ཁྲིམས་སྲོལ༽ནི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྡ་འཕྲིན་ལྷན་ཁང་གི་དབང་ཚད་མིན་པས། གནད་དོན་དེའི་རིགས་ཨ་རིའི་ཁྲིམས་འཛིན་ལས་ཁང་གི་བདའ་འདེད་རྩད་ཞིབ་བྱེད་དགོས་པ་རེད། གྱོན་དོན་དེ་ད་ལྟ་གཞི་ནས་བརྟག་དཔྱོད་ཀྱི་མགོ་བཙུགས་པ་ཙམ་ཡིན་པས། མཇུག་འབྲས་ག་འདྲ་ཞིག་ཏུ་གྱུར་རྒྱུར་ད་ལྟ་ཚོག་དཔག་བྱེད་དཀའ་བའི་གནས་རེད།