
ཞིན་ཅང་ཉེན་རྟོག་ལས་ཁང་གིས་འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྐད་སྡེ་ཚན་ལ། སྤྱི་ཟླ ༡༡ ཚེས ༡༨ ཉིན་ཞིན་ཅང་བྷ་ཡེ་ས་ཁུལ་དུ་སྤེལ་བའི་འཇབ་རྒོལ་ལས་འགུལ་ཁྲོད“འཇིགས་སྐུལ་དྲག་སྤྱོད་པ”ཡོང་རྫོགས་ཉེན་རྟོག་པས་རྩ་མེད་དུ་བཏང་བ་ཡིན་ཞེས་བརྗོད་འདུག དེ་ཡང་མིང་ལ་གྷོ་ལེབ མེ་མེ་ཐས་ཟེར་བའི་ཉེན་རྟོག་པ་ཞིག་གིས། བདག་གིས་ཐེངས་དེའི་འཇབ་རྒོལ་ལས་འགུལ་ནང་ཞུགས་པའི་འཐབ་གྲོགས་ཤིག་གི་ཁ་ནས་གོ་ཐོས་ལྟར་ན། དམག་མིས་ཡུ་གུར་བ་དེ་ཚོ་སྦ་སྐུང་བྱེད་སའི་བྲག་ཁུང་ནང་འབམ་བཞག་སྟེ་བཀད་ནས་བྲག་ཁུང་ནང་གི་ཡུ་གུར་བ་ཚང་མ་གཅིག་ཀྱང་མ་ལུས་པར་བསད་ཡོད་པ་དང་། ང་ཚོའི་ཕྱོགས་ལ་རྨས་སྐྱོན་སོགས་ཅི་ཡང་བྱུང་མེད། བྲག་ཁུང་དེའི་ནང་དུ་མི ༡༧ གྱི་རོ་བརྙེད་ཡོད། ཅེས་དང་། ཡང་བྷ་ཡེ་ས་ཁུལ་གྱི་ཉེན་རྟོག་པ་གཞན་ཞིག་གིས། ང་ལ་གོང་རིམ་ནས་འཇིགས་སྐུལ་དྲག་སྤྱོད་པ་ཚང་མ་བསད་ཟིན་པའི་བརྡ་སྦྱོར་འབྱོར་སོང་། ཡིན་ན་ཡང་། ད་དུང་ཡང་གཟབ་གཟབ་བྱེད་དགོས་བའི་བཀའ་བཏང་བ་དང་ཆབས་ཅིག འཇབ་རྒོལ་ལས་འགུལ་དེའི་སྐོར་གྱི་གནས་ཚུལ་དངོས་སུ་ཁྱབ་བསྒྲགས་མ་བྱས་གོང་དགའ་བསུའི་རྟེན་འབྲེལ་གྱི་མཛད་སྒོའི་རིགས་འཚོགས་མི་རུང་བ་མ་ཟད། དེའི་སྐོར་མང་པོ་མ་གླེང་ཞེས་ཀྱང་བཀའ་རྒྱ་བཏང་ཚུལ་བརྗོད་བྱུང་།
འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྐད་སྡེ་ཚན་གྱི་གནས་ཚུལ་ལྟར་ན། དམར་གསོད་བྱས་པའི་དོགས་གཞི་མི་སྣའི་ནང་ལོ་ན ༤༦ ཡིན་པའི་ཐོར་སུན ཇོ་མེ་དང་། ལོ་ན ༤༧ ཡིན་པའི་མུ་ས ཐོ་ཥི་སེ་ཐེ་ནེ་ཡ་ཙི། ལོ་ན ༦༠ཡིན་པའི་མེ་མེ་ཐས ཨེ་ཟཱ། དེ་མིན་མཉམ་དུ་དམར་གསོད་བྱས་པའི་ཁོང་ཚོའི་ནང་མི་བདུན་པོའི་ཁྲོད་ཨེ་ས་ཡི་ལོ་ན ༥༥ ཡིན་པའི་བཟའ་ཟླ་དང་། ལོ་ན ༩ ཅན་གྱི་བུ་མོ། མནའ་མ་གཉིས། ཇོ་མེ་ཡིས་ལོ་ན ༤༤ ཅན་གྱི་བཟའ་ཟླ་དང་ལོ་ན ༡ དང་དྲུག་ཅན་གྱི་བྱིས་པ་གཉིས་བཅས་ཡིན་པ་ཤེས་རྟོགས་བྱུང་ཡང་། གཞན་རྣམས་ད་དུང་ཤེས་ཐུབ་མེད། ནང་མི་ཚོ་དོགས་གཞི་མི་སྣ་ཟེར་བ་དང་མཉམ་དུ་ཁན་ཆི་རྫོང་དུ་ཉེན་བྱོལ་ཆེད་ཡོང་བ་ཞིག་རེད་འདུག
དེ་མིན་ད་ལོའི་སྤྱི་ཟླ ༩ པའི་ཚེས ༡༨ཉིན། ཞིན་ཅང་བྷ་ཡེ་ས་ཁུལ་གྱི་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་ས་ཁུལ་ཞིག་ཏུ་དྲག་པོའི་འཇབ་རྒོལ་གྱི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས། སྐབས་དེར་ཡུ་གུར་བ་སྐོར་ཞིག་གིས་གཏེར་ཁ་སྔོག་འདོན་ལས་བཟོ་བ་དང་བདེ་འཇགས་ཉེན་རྟོག་པ ༥༠ དམར་གསོད་བཏང་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་གནས་ཚུལ་དེའི་སྐོར་ཕྱི་ཕྱོགས་སུ་བཤད་མེད།
སྤྱི་ཟླ ༡༡ ཚེས ༡༣ ཉིན་ཧྥ་རན་སིའི་རྒྱལ་ས་ཕཱ་རི་སིར་དྲག་པོའི་འཇབ་རྒོལ་ཐེབས་ནས་ཆུ་ཚོད་འགའི་རྗེས་སུ། རྒྱ་ནག་སྤྱི་བདེ་ལྷན་ཁང་གི་གནས་ཚུལ་སྤེལ་ནས་ཧྥ་རན་སིའི་རྒྱལ་ས་ཕཱ་རི་སེར་ལོ་རྒྱུས་སྟེང་བྱུང་མྱོང་མེད་པའི་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས་མི་བརྒྱ་ཕྲག་འགར་ཤི་རྨས་ཐེབས་པའི་སྐབས་འདིར། ས་ཡི་གོ་ལའི་ཕྱོགས་གཞན་ཞིག་ན། རྒྱ་ནག་ཉེན་རྟོག་པས་ཉི་མ ༥༦རིང་གི་ར་མདའ་འདེད་རྡུང་བྱས་མཐར་འཇིགས་སྐུལ་དྲག་སྤྱོད་པར་ཕྱོགས་ཀུན་ནས་ཕར་རྒོལ་བྱས་ནས་རྒྱལ་ཁ་ཆེན་པོ་ཐོབ་སོང་ཞེས་ཧྥ་རན་སིར་འཕྱ་སྨོད་དང་རང་བསྟོད་བྱས་འདུག ཡིན་ན་ཡང་། གནས་ཚུལ་དེ་སྤྱི་ཚེས ༡༥ ཉིན་དྲྭ་ཐོག་ནས་སུབ་འདུག