ཧྥ་རན་སིར་གདོང་སེམས་མཉམ་བསྐྱེད་དང་གཞི་གཅིག་ཚད་གཉིས་ལ་ཁེངས་ར།

g20-leaders-antalya
G20 སྟང་ལྷན་ཞུགས་རྒྱལ་ཁབ་ཚོའི་དབུ་ཁྲིད།

ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སིར་འཇིགས་སྐུལ་རིང་ལུགས་པས་དྲག་པོའི་འཇབ་རྒོལ་བྱས་རྗེས། འཛམ་གླིང་དབུ་ཁྲིད་དང་མཉམ་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཀྱང “ཀླ་ཀློའི་སྤྱོད་ངན” ཞེས་སུན་འབྱིན་བྱས་པ་དང་། མཆོད་རྟེན་ཤར་ཕྱོགས་མུ་ཏིག་སྟེང་ཧྥ་རན་སིའི་རྒྱལ་དར་གྱི་ཁ་དོག་སྔོན་དཀར་དམར་གསུམ་གྱི་འོད་ཟེར་འཕྲོ་བཞིན་གྲོང་ཁྱེར་ཧྲང་ཧེའི་མཚན་ལྗོངས་ན་ཀྲོང་ངེར་འགྲེང་ནས་ཧྥ་རན་སི་ལ་རྒྱབ་སྐྱོར་མཚོན་ཡོད་པ་དང་། པེ་ཅིང་ན་ཡོད་པའི་ཧྥ་རན་སིའི་གཞུང་ཚབ་ཆེན་མོའི་མདུན་དུ་མེ་ཏོག་དཀར་པོ་སྤུངས་ནས་གཅིག་གཅིག་གཅིག་གསུམ་ཉིན་བྱུང་བའི་དྲག་པོའི་འཇབ་རྒོལ་ཁྲོད་དམར་གསོད་བྱས་པའི་མི ༡༢༩ ལ་མྱ་ངན་མཚོན་འདུག དྲག་སྤྱོད་ལ་སྡང་སེམས་ལས་གཞན། རྒྱ་ནག་གི་དབུ་ཁྲིད་དང་མང་ཚོགས་ཀྱི་སེམས་སུ་རེ་འདུན་དང་ཁེངས་ར་འདྲེས་མ་ཞིག་ཡོད་པ་འདྲ། ཉེ་ལམ་ཐུར་ཁེ་རུ་བསྐོངས་པའི་རྒྱལ་ཁབ ༢༠འི་ལྷན་ཚོགས་སྟེང་ཞི་ཅིན་ཕེང་གིས་འཇིགས་སྐུལ་རིང་ལུགས་པར་སུན་འབྱིན་དང་ཆབས་ཅིག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གི་འཇིགས་སྐུལ་དྲག་སྤྱོད་པར་ངོ་རྒོལ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་།  རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཡིས་རྣམ་འགྱུར་དེ་ལས་ཀྱང་གསལ་བོ་རེད། ནུབ་ཕྱོགས་རྒྱལ་ཁབ་ཚོས་དོན་དག་གཅིག་ལ་ཚད་གཞི་གཉིས་འཛིན་མི་རུང་། རྒྱ་ནག་ནི་འཇིགས་སྐུལ་རིང་ལུགས་པའི་གནོད་འཚེ་ཕོག་ཡུལ་ཡིན་པས། ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་གིས་ཡུ་གུར་ཁ་བྲལ་རིང་ལུགས་པར་རྡུང་རྡེག་གི་ལས་འགུལ་དེ་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པར་རྒོལ་རྡུང་གི་ཆ་ཤས་སུ་ངོས་འཛིན་བྱེད་དགོས་ཞེས་ཨུ་ཚུགས་བརྒྱབས་ཡོད། རྒྱ་ནག་གཞུང་གིས་ནམ་རྒྱུན་བཤད་ཀྱིན་པའི་ཞིན་ཅང་ཡུ་གུར་མི་རིགས་ཀྱི་ཟིང་འཁྲུག་རིགས་ནི་ཤར་ཏུར་ཀི་སི་ཐན་ཨེ་སི་ལམ་ལས་འགུལ་ཟེར་བའི་གསང་བའི་ཁ་བྲལ་རིང་ལུགས་རྩ་འཛུགས་ཤིག་གི་སྤེལ་གྱིན་ཡོད་ལུགས་ཟེར་ཡང་། ཕྱི་རྒྱལ་ཆེད་མཁས་པ་མང་པོ་ཞིག་གིས་དོན་དམ་པའི་རྩ་འཛུགས་དེ་མིང་ཙམ་ལས་མེད་པས། དྲག་པོའི་ནུས་ཤུགས་མེད་ཚུལ་འགྲེལ་བརྗོད་བྱས་འདུག

ཞིན་ཅིང་ས་ཁུལ་དུ། གཞི་སྤོས་རྒྱ་རིགས་དང་ཨེ་སི་ལམ་ཐུར་ཀེ་སི་རིགས་རྒྱུད་ཀྱི་མི་གཙོ་བོ་ཡིན་པའི་ཡུ་གུར་མི་རིགས་བར་འགལ་ཟླ་ཆེན་པོ་ཡོད་པ་དང་། སྒོས་སུ ༢༠༠༩ ལོའི་ཨོ་རོམ་ཆི་དོན་རྐྱེན་གྱི་རྗེས་སུ་ཞིན་ཅིང་ས་ཁུལ་དུ་དྲག་པོའི་དོན་རྐྱེན་རིགས་བསྟུད་མར་བྱུང་ཡོད་པ་ལས། ཡུ་གུར་བ་ཚོ་རྒྱ་ནག་གཞུང་གི་དྲག་པོའི་སྲིད་ཇུས་རྒྱང་བཀྱེད་ཀྱིན་པ་མཚོན་ཐུབ།

རྒྱ་ནག་གི་དཔོན་རིགས་ཚོས་འཇིགས་སྐུལ་རིང་ལུགས་པས་དྲག་པོའི་དོན་རྐྱེན་དེ་དག་སྤེལ་ལུགས་སྐྱོན་འཛུགས་བྱེད་ཀྱིན་ཡོད་ཀྱང་། མི་ཐོབ་སྒྲིག་འཛུགས་དང་ས་ཁུལ་ཆེད་མཁས་པས་གྲི་དང་དབྱུག་པས་འཇབ་རྒོལ་རིགས་ནི་གཞོན་སྐྱེས་ཡུ་གུར་བ་སྐོར་ཞིག་འཚོ་བའི་རེ་ཐག་ཆད་ནས་ད་གཟོད་སྤེལ་བའི་ཐལ་དྲགས་པའི་བྱ་སྤྱོད་འབའ་ཞིག་ཡིན་པས། དེ་ནི་གདོད་མའི་རང་སའི་རང་འགུལ་ངང་སྤེལ་བའི་བྱ་སྤྱོད་ཙམ་རེད། ཅེས་ངོ་བོ་ངོས་འཛིན་བྱས་འདུག

རྒྱལ་སྤྱིའི་ཉེ་ཡང་ཚོགས་པའི་ཨེ་ཞི་ཡའི་འགན་འཛིན་གྱིས་ཞི་ཅིན་ཕེང་གིསG༢༠འམ་རྒྱལ་ཁབ ༢༠འི་ལྷན་ཚོགས་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གི་འཇིགས་སྐུལ་དྲག་སྤྱོད་པར་ངོ་རྒོལ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་པའི་དགོས་འདུན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་ཚོའི་ཡུ་གུར་མི་རིགས་ལ་དྲག་གནོན་གྱི་སྲིད་ཇུས་དེ་ལ་ཁྲིམས་མཐུན་གྱི་རང་བཞིན་མ་མཐའ་ཉུང་ཉུང་ཞིག་ཡིན་ཡང་རྩོད་ལེན་བྱེད་འདོད་དེ་རེད། ཡིན་ན་ཡང་། རྒྱ་ནག་གཞུང་གིས་གནས་ཚུལ་མཉམ་བརྗེ་མི་བྱེད་པ་དང་། དེ་མིན་ཁ་བྲལ་རིང་ལུགས་པ་སུ་ཡིན་པ་དང་། ཅི་ཞིག་འཇིགས་སྐུལ་ལས་འགུལ་དུ་གྱུར་བ་སོགས། རྒྱ་ནག་གི་ཟེར་སྒྲོས་ཙམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་བྱེད་མི་སྲིད་ལ། རྒྱ་ནག་གི་ཡུ་གུར་མི་རིགས་ལ་དྲག་གནོན་གྱི་སྲིད་ཇུས་དེ་རྒྱལ་སྤྱིའི་འཇིགས་རིང་ལུགས་ལ་རྒོལ་རྡུང་གི་ལས་འགུལ་གྱི་ཆ་ཤས་སུ་དེ་བས་ཀྱང་འཇོག་མི་སྲིད་ཞེས་འགྲེལ་བརྗོད་བྱས་འདུག