
སྤྱི་ལོ ༢༠༡༡ལོའི་ཟླ ༡༡ ཚེས ༢༡ གི་དགོང་མོར། ཐེ་ཝན་གྱི་ཐེ་པཱེ་གྲོང་ཁྱེར་གྱི་རྒྱལ་ཡབ་དྲན་རྟེན་ཁང་དུ་སྐབས་ང་གཉིས་པའི་ཐེ་ཝན་གློག་བརྙན་གསེར་གྱི་གྱི་ལིང་རྟགས་མའི་མཛད་སྒོ་དེ་གཟབ་རྒྱས་ངང་འཚོགས་ཡོད་པ་དང་། བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་གྱིས་རང་ཉིད་ཀྱི་སྒྲུང་གཏམ་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་པའི༼ཐར་ལོ ༽ཞེས་པའི་གློག་བརྙན་ལ་ཐེ་ཝན་གྱི་གསེར་གྱི་གྱི་ལིང་རྟགས་མའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ་ཐོབ་ཡོད་པ་རེད།
འདི་ནི་ལོ་རྒྱུས་སྟེང་བོད་ཀྱི་འཁྲབ་ཁྲིད་པ་ཞིག་གིས་བོད་རང་ས་རང་ཡུལ་དུ་བོད་ ཀྱི་སྤྱི་ཚོགས་གནས་སྟངས་བརྗོད་བྱ་བྱས་པའི་ས་གནས་བོད་རིགས་ཀྱིས་འཁྲབ་སྟོན་ བྱས་པའི་ཕ་སྐད་ཀྱི་ལམ་ནས་འཁྲབ་པའི་གློག་བརྙན་ཞིག་ལ་ཐོབ་པའི་བྱ་དགའ་མཐོ་ཤོས་ དེ་རེད།
ད་ལོའི་ཟླ ༡༠ བའི་ཚེས ༡ ཉིན། སྐབས་ང་གཉིས་པའི་ཐེ་ཝན་གྱི་གློག་བརྙན་གསེར་གྱི་གྱི་ལིང་རྟགས་མའི་འོས་མིང་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་ཁྲོད། གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བོད་སྐད་གློག་བརྙན༼ཐར་ལོ ༽ལ་ སྡེ་ཚན་བཞིའི་འོས་མིང་ནང་དུ་ཚུད་ཡོད་ལ། འོས་མིང་ནང་ཚུད་པའི་སྡེ་ཚན་བཞི་བོ་ནི་དུངས་བརྗོད་གློག་བརྙན་རྩེ་གྲའི་བྱ་དགའ་དང་། འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ། བརྙན་ཕབ་རྩེ་གྲའི་བྱ་དགའ་བཅས་རེད། དེ་མིན་པདྨ་ཚེ་བརྟན་གྱི་གློག་བརྙན༼ཐར་ལོ ༽ད་ལོའི་ཝེ་ན་སི་གློག་བརྙན་ནང་དུའང་འོས་མིང་བཏོན་ཡོད་པ་རེད།
༼ཐར་ལོ ༽ཞེས་པའི་གློག་བརྙན་ནང་དུ་ཆེས་སྤྱིར་བཏང་གི་བརྩེ་དུངས་གཏམ་རྒྱུད་ཅིག་བརྗོད་ཡོད། ༼ ཐར་ལོ ༽ཞེས་པའི་གློག་བརྙན་གྱི་གཙོ་འཁྲབ་པ་ནི་སྒྱུ་རྩལ་པ་གྲགས་ཅན་སྐུ་ཞབས་ཞི་བདེ་ཉི་མ་དང་གཞས་མ་གཡང་ཕྱུག་འཚོ་གཉིས་ཡིན་པ་དང་། གློག་བརྙན་ནང་། ཕྱུགས་རྫི་ཐར་ལོ་མི་ཚེའི་ཕྱེད་ལ་བསླེབས་དུ་ད་གཟོད་སྡོད་དམངས་ལག་ཁྱེར་ལེན་རྒྱུའི་ཆེད་ས་གནས་ཉེན་རྟོག་ལས་ཁུང་དུ་སོང་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བརྗོད་ཡོད་པ་ཞིག་རེད་འདུག
ཡོངས་གྲགས་སུ༼རྒྱའི་གློག་བརྙན་གྱི་ཨོ་སི་ཁཱ༽ཞེས་པའི༼གསེར་གྱི་གྱི་ལིང་རྟགས་མ༽ནི་༡༩༦༢ལོར་ཐེ་ཝན་དུ་བཙུགས་པ་ཞིག་ཡིན་ལ། འདི་ནི་རྒྱའི་གློག་བརྙན་གླེང་སྟེགས་སུ་ལོ་རྒྱུས་ཆེས་རིང་བའི་གློག་བརྙན་བྱ་དགའི་སྡེ་ཚན་ཞིག་ཡིན།
གློག་བརྙན༼ ཐར་ལོ ༽ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་ལྔ་བ་དེ་ཡིན་ཞིང་། ཁོང་གིས་སྔ་གཞུག་ཏུ ༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང༼ འཚོལ ༽།༼ ཁྱི་རྒན ༽།༼ གཡང་མདའ ༽སོགས་བོད་སྐད་གློག་བརྙན་བརྙན་ཕབ་གནང་ཡོད། གོང་གསལ་གྱི་གློག་བརྙན་བརྩམས་ཆོས་དག་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་གདེང་འཇོག་བླ་མེད་ཐོབ་ཡོད་པ་དང་། དེའི་ནང་ནས༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ལ་སྐབས་ཉེར་ལྔ་བའི་རྒྱ་ནག་གློག་བརྙན་དུས་སྟོན་སྟེང་གསེར་བྱ་རྟགས་མ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཀྱང་མིང་གྲགས་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་། མི་རྣམས་པས༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ཞེས་པའི་གློག་བརྙན་དེར་བོད་སྐད་གློག་བརྙན་གྱི་སྲོལ་འབྱེད་པར་ངོས་འཛིན་བྱས་ཡོད།