
དེ་ཡང་ཞིན་ཅང་ཐེན་ཧྲན་དྲྭ་རྒྱས་ཟེར་བའི་ནང་། ཉི་མ ༥༦ རིང་བསྟུད་མར་དཔའ་ངར་ཞུམ་པ་མེད་པར་འཐབ་འཁྲུག་བྱས་ཏེ། ཞིན་ཅང་དུ་རྒྱལ་ཁབ་ཕྱི་རོལ་གྱི་ཐལ་དྲགས་རྩ་འཛུགས་ཀྱིས་ཐད་ཀར་བཀོད་འདོམས་བྱས་པའི་དྲག་པོའི་རུ་ཚོགས་ཤིག་རྩ་མེད་དུ་བཏང་བ་དང་། མི་གཅིག་མགོ་འཛུལ་བ་ལས་གཞན ༢༨ དམར་གསོད་བཏང་བ་ཡིན་ཞེས་དང་། ཡང་ཐེན་ཧྲན་དྲྭ་རྒྱ་ཟེར་བས། ད་ལོའི་སྤྱི་ཟླ ༩ ཚེས ༡༨ གྱི་ཐོ་རེངས་སུ། མི་སྐོར་ཞིག་གིས་ཞིན་ཅང་ཨག་སོའུ་ས་ཁུལ་གྱི་བྷ་ཡེ་རྫོང་གི་རྡོ་སོལ་གཏེར་ཁ་ཞིག་ལ་འཇབ་རྒོལ་བྱས་ནས་མང་ཚོགས་དཀྱུས་མ ༡༡ དང། ཉེན་རྟོག་པ ༥བསད་པ་དང་། གཞན་མི ༡༨ ལ་རྨས་སྐྱོན་ཐེབས་ཞེས་ཀྱང་བཀོད་འདུག
ཡིན་ན་ཡང་། ད་ལོའི་སྤྱི་ཟླ ༩ ཚེས ༡༨ ཉིན་གྱི་ཐོ་རེངས་སུ་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་སར་འཇབ་རྒོལ་ཐེབས་པའི་གནས་ཚུལ་དེ་རྒྱ་ནག་གཞུང་གིས་ད་བར་དུ་ཕྱི་ཕྱོགས་སུ་བཤད་མེད་ལ། འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བའི་ནང་སྐབས་དེར་ལས་བཟོ་བ་དང་ཉེན་རྟོག་པ་ཁྱོན་བསྡོམས་པའི ༥༠ བསད་ཡོད་པ་རེད།
དེ་བཞིན་ཟླ་འདིའི་ཚེས ༡༨ཉིན། འདི་ག་རླུང་འཕྲིན་ཁང་ལ་ཞིན་ཅང་ས་གནས་ཉེན་རྟོག་པས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལྟར། རྒྱ་ནག་ཉེན་རྟོག་དམག་མས་དོགས་གཞི་ཡོད་པའི་ཡུ་གུར་བ་སྦ་སྐུང་བྱེད་སའི་བྲག་ཁུང་ནང་འབམ་བཞག་ནས་བཀད་དེ། དེའི་ནང་ཡུབ་པའི་ལོ་ན་གཅིག་ནས་དགུ་ཅན་གྱི་བྱིས་པ་གསུམ་དང་བུད་མེད་འགའ་ཐེ་བའི་ཡུ་གུར་བ ༡༧ དམར་གསོད་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་བཤད་སྲོལ་ལྟར་ན། འཇིགས་སྐུལ་དྲག་སྤྱོད་པར་རྡུང་རྡེག་བྱས་ལུགས་ཟེར་ཡང། ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་ལོ་མང་རིང་གཏན་འབེབས་དང་ལག་ལེན་དུ་བསྟར་བའི་གདུག་རྩུབ་ཆེ་བའི་སྲིད་ཇུས་རིགས་ནི་ཟིང་འཁྲུག་བསླངས་རྐྱེན་ཡིན་པ་ངོས་འཛིན་བྱས་འདུག
དེ་བཞིན་དུ་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཀྱིས་ཞིན་ཅང་ས་ཁུལ་གྱི་དྲག་པོའི་དོན་རྐྱེན་རིགས་ནི་ཡུ་གུར་བས་རྒྱ་ནག་གཞུང་གིས་ཁོང་ཚོའི་ཆོས་ལུགས་དང་རིག་གཞུང་ལ་བཏང་འཛིན་ནན་མོ་བྱས་པར་མ་དགའ་མ་མོས་པའི་རྣམ་འགྱུར་ཞིག་ལས། འཇིགས་སྐུལ་རིང་ལུགས་དང་འབྲེལ་བ་མེད། ཅེས་བརྗོད་འདུག