
རྒྱ་ནག་གི་དམག་ཕྱོགས་ཚགས་པར་ཞིག་གིས་ཉེ་ཆར་ཞིན་ཅང་ཨག་སོའུ་བྷེ་ཡེ་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་པའི་མིང་བཏགས་ནས་དམར་གསོད་བྱས་པའི་ལས་འགུལ་དེ་འགྲེལ་བཤད་ཞིབ་མོ་བྱས་ཡོད་པ་རེད།
དེ་ཡང༼བཅིངས་འགྲོལ་དམག་ཚགས་པར༽ཞེས་པར། ལས་འགུལ་རྒྱུད་རིམ་ཁྲོད། བྲག་ཁུང་དུ་ཡིབ་སྐུང་བྱས་ཡོད་པའི་ཡུ་གུར་བ་དེ་ཚོ་ཕྱི་རུ་ཐོན་རྒྱུའི་སླད་དུ་མི་དམངས་བཅིངས་འགྲོལ་དམག་གིས་བྲག་ཁུང་ནང “མེ་རྒྱག་འཕྲུལ་ཆས” བརྒྱབས་ཡོད་པ་དང་། ཡུ་གུར་བ་ཚོ་བྲག་ཁུང་ལས་ཕྱིར་ཐོན་མ་ཐག་མེ་མདས་བརྒྱབས་ནས་དམར་གསོད་བཏང་ཡོད་པ་དང་། ཡང་ཚགས་པར་དེའི་ནང་། ཡུ་གུར་བ་དེ་ཚོས་དེ་སྔོན་མང་ཚོགས་ནང་གདུག་རྩུབ་ཆེ་བའི་བྱ་སྤྱོད་སྤེལ་ཡོད་ལུགས་ཀྱང་བཀོད་འདུག ཚགས་པར་དེས་བཤད་སྲོལ་དེ་ད་ལོའི་སྤྱི་ཟླ ༩ ཚེས ༡༨ ཀྱི་དགོང་མོར་ཞིན་ཅང་ཨག་སོའུ་བྷེ་ཡེ་རྫོང་གི་རྡོ་སོལ་གཏེར་ཁ་སྔོག་སར་བྱུང་བའི་དོན་རྐྱེན་དེ་ཡིན་པར་ཡིད་ཆེས་བྱས་ཆོག་ལ། རྒྱ་ནག་གཞུང་གིས་སྐབས་དེར་ཉེན་རྟོག་པ་ལྔ་ཐེ་བའི་མི ༡༦བསད་ལུགས་བསྒྲགས་ཡོད། ཡིན་ན་ཡང་འདི་ག་རླུང་འཕྲིན་ཁང་གིས་སྐབས་དེར་ཉེན་རྟོག་པ་ལྔ་དང་ལས་བཟོ་བ་བསྡོམས་པའི་མི ༥༠ བསད་ཡོད་པ་དང་། ཚང་མ་རྒྱ་རིགས་རེད་ཟེར།
དེ་བཞིན་འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྐད་སྡེ་ཚན་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས ༡༨ཉིན། རྒྱ་ནག་ཉེན་རྟོག་དམག་མས་དོགས་གཞི་ཡོད་པའི་ཡུ་གུར་བ་ཡིབ་སྐུང་བྱེད་སའི་བྲག་ཁུང་ནང་འབམ་བཞག་ནས་བཀད་དེ། དེའི་ནང་ཡིབ་པའི་ལོ་ན་གཅིག་ནས་དགུ་ཅན་གྱི་བྱིས་པ་གསུམ་དང་བུད་མེད་འགའ་ཐེ་བའི་ཡུ་གུར་བ ༡༧ དམར་གསོད་བཏང་ཡོད་པ་རེད།
དེ་མིན་སྤྱི་ཚེས ༢༠ཉིན་ཞིན་ཅང་ཐེན་ཧྲན་དྲྭ་རྒྱས་ཟེར་བས་། ཞིན་ཅང་དུ་རྒྱལ་ཁབ་ཕྱི་རོལ་གྱི་ཐལ་དྲགས་རྩ་འཛུགས་ཀྱིས་ཐད་ཀར་བཀོད་འདོམས་བྱས་པའི་དྲག་པོའི་རུ་ཚོགས་ཤིག་རྩ་མེད་དུ་བཏང་བ་དང་། མི་གཅིག་མགོ་འཛུལ་བ་ལས་གཞན ༢༨ དམར་གསོད་བཏང་བ་ཡིན་ཞེས་བཀོད་ཡོད་པ་རེད།
དེ་མིན་པས་གནས་ཚུལ་གཞན་ཞིག་ནི། ཧྥ་རན་སའི་རྒྱལ་ས་ཕཱ་རི་སའི་དྲག་པོའི་འཇབ་རྒོལ་དོན་རྐྱེན་གྱི་རྗེས་སུ། ཞིན་ཅང་ས་གནས་ཉེན་རྟོག་པས་མི་མང་པོ་ཞིག་གི་ལག་ཁྱེར་ཁ་པར་བཅད་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་ལག་བསྟར་བྱས་པའི་སྲིད་ཇུས་གསར་བ་ཞིག་རེད། ལག་ཁྱེར་ཁ་པར་བཅད་པའི་མི་ཚོར “ཁྱེད་རང་ས་གནས་ཉེན་རྟོག་ལས་ཁང་དུ་སོང་ནས་སྙན་ཞུ་ཕུལ་ན་ཡང་བསྐྱར་ཁ་འབྱེད་ཆོག” ཅེས་ཁ་པར་ལས་ཁང་གིས་འཕྲིན་ཐུང་འབྱོར་ཡོད་འདུག ཤེས་རྟོགས་བྱུང་བ་ལྟར་ན། ལག་ཁྱེར་ཁ་པར་གྱི་སྒོ་རྒྱག་དོན་གཙོ་ཞིག་ནི VPN ཞེས་པའི་རྟོག་བཟོས་སྒེར་གྱི་དྲྭ་བ་བཀོལ་ནས་ཞིན་ཅང་ས་གནས་གནས་འཕྲིན་དྲྭ་རྒྱ་སྒྲིབ་འགོག་གི་མ་ལག་གཡོལ་མཁན་ཚོ་ཡིན་པ་རེད།
IS ཞེས་པའི་ཨེ་སི་ལམ་ཁ་ཆེ་སྒྲིག་འཛུགས་ཀྱིས་ཡོ་རོབ་སོགས་ས་ཁུལ་དུ་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་སྤེལ་གྱིན་པའི་འགྲོས་དང་མཉམ་དུ་རྒྱ་ནག་གཞུང་གིས་ཀྱང་ཞིན་ཅང་དུ་འཇིགས་སྐུཞ་དྲག་སྤྱོད་པའི་བྱ་སྤྱོད་སྤེལ་གྱིན་འདུག་ཅེས་ཆེད་མཁས་པའི་སྐྱོན་འཛུགས་བྱས་འདུག