བོད་བརྙན༼ཐར་ལོ ༽ལ་ཡང་བྱ་དགའ་གཉིས་ཐོབ་འདུག

1441721187_55eeeb632f68a_tharlo_poster
ཐར་ལོའམ་ཞི་བདེ་ཞི་མ།

བོད་ཀྱི་གློག་བརྙན༼ཐར་ལོ ༽ལ་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་གློག་བརྙན་དུས་སྟོན་ཁྲོད་དམིགས་བསལ་བརྙན་ཕབ་རྩེ་གྲའི་བྱ་དགའ་དང་། ཉི་ཧོང་གི་སྐབས ༡༦ པའི་ཐའོ་ཁེའོ FILMeX གློག་བརྙན་དུས་སྟོན་ཁྲོད་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་ཡོད་འདུག

དེ་ཡང་སྤྱི་ཟླ ༡༡ ཚེས ༢༡ ནས ༢༨ བར་ཨོ་སི་ཊི་རེ་ལེ་ཡའི་བྷི་རི་སི་བྷན་དུ་སྤེལ་བའི་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་གློག་བརྙན་དུས་སྟོན་སྐབས། བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་པདྨ་ཚེ་བརྟན་ལགས་ཀྱི་འཁྲབ་ཁྲིད་གནང་བའི ༼ཐར་ལོ ༽ཞེས་པའི་གློག་བརྙན་ལ་དམིགས་བསལ་བརྙན་ཕབ་རྩེ་གྲའི་བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་གློག་བརྙན་དུས་སྟོན་དེར་ཞུགས་པའི་བོད་ཀྱི་གློག་གཞན་ཞིག་སྟེ། བོད་རིགས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི༼གཙང་པོ ༽ཞེས་པའི་གློག་བརྙན་ལའང་ན་གཞོན་གློག་བརྙན་རྩེ་གྲའི་བྱ་དགའ་ཐོབ་ཡོད་པ་རེད། དེ་མིན། གློག་བརྙན ༼ ཐར་ལོ ༽ ལ་ཕྱི་ཚེས ༢༨ཉིན་ཉི་ཧོང་གི་རྒྱལ་ས་ཐའོ་ཁེའོ་རུ་སྤེལ་བའི་སྐབས ༡༦ པའི་ཐའོ་ཁེའོ FILMeX གློག་བརྙན་དུས་སྟོན་ཁྲོད་གློག་བརྙན་རྩེ་གྲ་དང་སློབ་མའི་དཔྱད་བསྡུར་ཚོགས་སྡེའི་བྱ་དགའ་བཅས་བྱ་དགའ་གཉིས་ཐོབ་ཡོད་པ་དང་། དེ་དང་མཉམ་དུ་ཉི་ཧོང་གི་སྒོར་མོ་འབུམ་བདུན་གྱི་བྱ་དགའ་བཅས་ཐོབ་ཡོད་པས། འདི་ནི་ཟླ་གཅིག་ནི་ནང་ཐོབ་པའི་གཟི་བརྗིད་ཀྱི་མཚན་བྱང་གསུམ་པ་དེ་ཡིན།

ཉིན་ཤས་སྔོན་ཏེ་སྤྱི་ཟླ ༡༡ ཚེས ༢༡ གི་དགོང་མོར། ཐེ་ཝན་གྱི་རྒྱལ་ས་ཐེ་པཱེ་གྲོང་ཁྱེར་དུ་སྤེལ་བའི་སྐབས ༥༢ པའི་ཐེ་ཝན་གློག་བརྙན་གསེར་གྱི་གྱི་ལིང་རྟགས་མའི་མཛད་སྒོའི་ཁྲོད།  བོད་བརྙན༼ཐར་ལོ ༽ལ་ཐེ་ཝན་གྱི་གསེར་གྱི་གྱི་ལིང་རྟགས་མའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ་ཐོབ་ཡོད་པ་རེད།

བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་མདོ་སྨད་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་ཡིན་ཞིང་། ད་ལྟ་རྒྱ་ནག་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། རྒྱ་ནག་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་མི། རྒྱ་ནག་གློག་བརྙན་རྩོམ་རིག་ཚོགས་པའི་ཚོགས་མི་བཅས་ཡིན་ཞིང་། སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་དང་། པེ་ཅིང་གློག་བརྙན་སློབ་གླིང་སོགས་སུ་སློབ་སྦྱོང་གནང་མྱོང་ཡོད། སྤྱི་ལོ ༡༩༩༡ལོ་ནས་བཟུང་པདྨ་ཚེ་བརྟན་ལགས་ཀྱི་རྩོམ་རིགས་བརྩམས་ཆོས་སྤེལ་མགོ་བརྩམས་ནས། ད་བར་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ལམ་ནས་སྒྲུང་རྩོམ་ཐུང་འབྲིང་བཞི་བཅུ་ལྷག་དང་། འགྱུར་རྩོམ་ཉི་ཤུ་ལྷག་བརྩམས་ཡོད་པ་མ་ཟད། བརྩམས་ཆོས་མང་པོ་ཞིག་ལ་ཕུལ་བྱུང་བྱ་དགའ་ཐོབ་ཡོད། སྤྱི་ལོ ༢༠༠༢ལོ་ནས་བཟུང་། པདྨ་ཚེ་བརྟན་ལགས་གློག་བརྙན་འཁྲབ་ཁྲིད་ཀྱི་ལས་ལ་ཞུགས་པ་དང་། ༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽ནི་ཁོང་གི་གློག་བརྙན་ཐོག་མ་རེད།

ཐའོ་ཁེའོ FILMeX གློག་བརྙན་དུས་སྟོན་ནི ༢༠༠༠ ལོར་ཁིས་ཐ་ནོ་ཁའེ་ཞིས་ཞེས་པའི་ལས་སྒྲུབ་ཁང་གིས་བཙུགས་པ་རེད། གློག་བརྙན་དུས་སྟོན་འདིས་ཨེ་ཞི་ཡ་དང་འཛམ་གླིང་ཧྲིལ་བོར་ཁ་ཕྱོགས་ནས་གློག་བརྙན་བརྩམས་ཆོས་བསྡུ་རུབ་དང་། སྒེར་ཚུགས་བསམ་བློས་ཕྱུག་པའི་གློག་བརྙན་རྩོམ་པ་པོ་དག་ལ་སྐུལ་སློང་བྱེད་བཞིན་ཡོད།

Advertisements