འབྲོག་ཁྱི་རྐུ་མཁན་རྒྱ་མི་གསུམ་འཛིན་བཟུང་།

Screen Shot 2015-11-29 at 16.35.04
མཆོ་སྔོན་ཆེན་པོ་དྲྭ་རྒྱར་བཀོད་པའི་འབྲོག་ཁྱི་རྐུ་མཁན་ཚོའི་ཁང་པ་དང་རླངས་འཁོར་སོགས་སུ་ཡོད་པའི་འབྲོག་ཁྱིའི་བེམ་པོ།

མདོ་སྨད་མཚོ་སྔོན་པོ་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁོལ་ཞང་དུ་འབྲོག་ཁྱི་རྐུ་མཁན་རྒྱ་མི་གསུམ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

དེ་ཡང་མཚོ་སྔོན་ཆེན་པོ་དྲྭ་རྒྱ་ཞེས་པའི་ནང་བཀོད་པའི་གནས་ཚུལ་ལྟར་ན། སྤྱི་ཟླ ༡༡ ཚེས ༢༢ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆུ་ཁུལ་ཞང་མངག་གཏོང་ཁང་ལ་གཅིག་འཕྲོར་གཅིག་མཐུད་ནས་ས་གནས་འབྲོག་པ་མང་ཚོགས་ཚོའི་སྒོ་ཁྱི་གློ་བུར་དུ་བོར་བརླག་ཏུ་སོང་བའི་གནས་ཚུལ་འབྱོར་བ་མ་ཟད། སྒོ་ཁྱི་གཅིག་མིན་གཉེས་མིན། འབྲོག་པ་ཁྱིམ་ཚང་བཞིའི་སྒོ་ཁྱི ༢༥ གར་སོང་མི་ཤེས་པར་བོར་བརླགས་ཏུ་སོང་འདུག གནས་ཚུལ་འབྱོར་མ་ཐག་ས་གནས་ཉེན་རྟོག་པས་ལམ་སང་གྱོད་དོན་ལ་ཞིབ་འཇུག་བྱས་ཏེ་གྱོན་དོན་དམིགས་བསལ་ཚོ་ཆུང་བཙུགས་ནས་བརྟག་དཔྱད་ཀྱི་མགོ་བརྩམས་ཤིང་། དེ་ནས་སྤྱི་ཟླ ༡༡ ཚེས ༢༣ཉིན་གྱི་ཆུ་ཚོད ༡༡ ཡས་མས་སུ། བསམ་བཞིན་ཏུ་རླངས་འཁོར་ཨང་རྟགས་བཀབས་པའི་ཝའོ་ལེན་ཧོན་གོང(五菱宏光))རྟགས་ཅན་གྱི་ཞོ་མེན་པོ (小面包车)རླངས་འཁོར་ཞིག་ཉེན་རྟོག་པས་དོགས་གཞིར་གྱུར་ནས་དུས་ཡུན་གང་མཚམས་ལ་ལྟ་རྟོག་བྱས་རྗེས། རླངས་འཁོར་དེའི་ཁ་ལ་བའི་ལྐོག་ལྐོག་སུད་སུད་ཀྱི་རྣམ་འགྱུར་ལས་དོགས་གཞི་ཆེ་རུ་སོང་ཏེ་ཉེན་རྟོག་པས་རླངས་འཁོར་དེ་བཀག་ནས་བརྟག་དཔྱད་བྱེད་དགོས་པའི་དགོས་འདུན་བཏོན་ཚེ། ཁ་ལོ་བའི་རླངས་འཁོར་བཞག་ནས་བྲོས་ཕྱིན། དེ་ནས་ཉེན་རྟོག་པས་རླངས་འཁོར་དེ་བརྟག་དཔྱད་སྐབས། རླངས་འཁོར་དེའི་ཁ་ལོ་བ་དང་ཁ་ལོ་བ་གཡས་གམ་གྱི་རྐུབ་ཀྱག་གཉིས་ལས་རྒྱབ་ཀྱི་རྐུབ་ཀྱག་གཞན་ཚང་མ་བླངས་ཟིན་པ་དང་། རླངས་འཁོར་དེའི་ནང་དུ་འབྲོག་ཁྱི་བརྒྱད་ཀྱི་བེམ་པོ་ཡོད་པ་ཤེས་རྟོགས་བྱུང་།

གནས་ཚུལ་ལྟར་ན། འབྲོག་པའི་སྒོ་ཁྱི་རྐུ་མཁན་བསྡོམས་པའི་རྒྱ་མི་གསུམ་ཡོད་པ་དང་། ཁོང་ཚོ་ཚང་མ་ཧྲན་ཏོང་ཞིང་ཆེན་གི་མི་རེད། དེང་ཐོག་ཁོང་ཚོ་མཚོ་སྔོན་ལ་ཡོང་ནས་གླ་ལས་ཆུང་ཙག་རིགས་བྱས་པ་དང་། རྗེས་སུ་ཁོང་ཚོས་འབྲོག་པའི་སྒོ་ཁྱི་རྐུ་རྒྱུ་ལས་སླ་བོ་ཡིན་པ་ཤེས་རྗེས་སྔ་རྗེས་སུ་འབྲོག་པའི་སྒོ་ཁྱི ༢༥ བརྐུས་ནས་བསད་ཡོད་པ་དང་། ཉེན་རྟོག་པས་འདྲི་གཅོད་སྐབས་ཁོང་ཚོས་འབྲོག་ཁྱི་རྐུ་བའི་བརྒྱུད་རིམ་ཡོད་ཚད་ཁས་ལེན་བྱས་འདུག དེ་མིན་ཁོང་ཚོས་གླས་པའི་ཁང་པ་ཞིག་གི་ནང་འབྲོག་ཁྱི ༡༧ གྱི་པགས་པ་བཤུས་ཟིན་པའི་བེམ་པོ་ཡོད་པ་དང་། ཁྱི་ཤ་དེ་དག་ཧྲན་ཏོང་ཞིང་ཆེན་དུ་དབོར་ནས་བཙོང་རྩིས་ཡིན་པ་ཁས་ལེན་བྱས་འདུག

ཆུ་ཁོལ་ཞང་མངག་གཏོང་ཁང་གི་འགན་འཛིན་ཆོས་སྐྱོང་རྡོ་རྗེ་ཡིས་སྣེ་ཁྲིད་པའི་དམིགས་བསལ་གྱོན་དོན་བརྟག་དཔྱོད་ཚོ་ཆུང་གིས་ཆུ་ཚོད ༢༣ གྱི་ནང་དུ་འབྲོག་པའི་སྒོ་ཁྱི་རྐུ་ཁྱེར་གྱི་གྱོན་དོན་དེ་ཡོངས་སུ་རྩད་ཆོད་ཡོད་པ་རེད།

ལོ་ཤས་སྔོན་དུ་རྒྱ་ནག་ནང་ལོགས་ཀྱི་འབྱོར་ལྡན་རྒྱ་མི་ཚོས་འབྲོག་ཁྱིར་རིན་གུང་མཐོན་པོ་སྤྲད་ནས་ཉོ་གྲུབ་བྱས་པ་དང།  སྐབས་ཤིག་ལ་འབྲོག་ཁྱི་རྒྱུད་གཙང་ཞིག་ལ་རྒྱ་ནག་གི་སྒོ་མོ་ས་ཡ་གཉིས་གསུམ་ལྷག་གི་རིན་གུང་གནས་པ་རེད། ཡིན་ན་ཡང་། ཉེ་ཆར་རིན་གུང་མཐོན་པོ་ཕྱིན་ནས་ཉོས་པའི་འབྲོག་ཁྱི་ཚོ་ཟོག་བཤའ་ར་བར་བསྐྱལ་བའི་གནས་ཚུལ་ཡང་ཐོན་ཡོད་པ་དང་། ད་གོང་དུ་ཞུས་པའི་གནས་ཚུལ་དེ་ཁྱི་ཤ་ཁོ་ནར་དམིགས་པའི་གྱོན་དོན་ཞིག་རེད།

Advertisements