རྒྱ་རིགས་ཕལ་མོ་ཆེ་ལ་ཧ་ཅང་གི་འགལ་ཟླ་དང་མི་གཤིས་ཁ་བྲལ་གྱི་རྣམ་པའི་ལྟ་ཚུལ་ཞིག་ཡོད་པ་ནི་ཨ་རི་ལ་བཅངས་པའི་དགའ་སྡང་འདྲེས་མའི་ཕྱིའི་དགྲ་ཡའི་ལྟ་ཚུལ་དེ་རེད། རྒྱ་ནག་པ་མང་པོ་ཞིག་ལ་མཚོན་ན་ཨ་མེ་རི་ཀའི་སྤྱི་ཚོགས་ཆབ་སྲིད་ལམ་ལུགས་དང་འཚོ་བ་རོལ་སྟངས་ལ་ཡིད་སྨོན་སྐྱེ་བཞིན་པ་དང་མཉམ་དུ་ཨ་རི་ལ་དགྲ་འཛིན་གྱི་བློ་ཡང་དྲག་པོ་ཡོད།
རྒྱ་ནག་པར་ཨ་མེ་རི་ཀར་སྙིང་ནད་སྡང་ཟུག་ཡོད་དོན་གཙོ་བོ་ཞིག་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཤུགས་རྐྱེན་ལས་བྱུང་བ་ཤར་སྟག་རེད། གསར་འགྱུར་ཞིབ་བཤེར་དང་བརྡ་འཕྲིན་བཀག་འགོག་གི་དབང་གིས་རྒྱ་ནག་པ་མང་ཆ་བས་རྒྱ་ནག་ཕྱི་རོལ་གྱི་བྱ་དངོས་ལ་རྒྱུས་ལོན་བྱེད་ཐུབ་མེད། ཉེ་བའི་ལོ་ངོ་བཅུ་ཕྲག་འགའི་རིང་། རྒྱ་ནག་གཞུང་གིས་ཨ་རི་དང་ཐད་ཀར་གདོང་ཐུག་མི་ཡོང་རྒྱུའི་སླད་དུ་གང་ཐུབ་ཅི་ནུས་ངང་གཡོལ་ཐབས་བྱེད་ཀྱིན་ཡོད་མོད། འོན་ཀྱང་རྒྱ་ནག་ནང་ཁུལ་དུ་ཨ་རི་དེ་ཕྱིའི་དགྲ་ཡ་གཙོ་བོ་ཡིན་པའི་དྲིལ་བསྒྲགས་དེ་ལྷོད་མྱོང་མེད། དེའི་ཁར་ལོ་ངོ་དྲུག་ཅུ་ལྷག་གི་རིང་སྤེལ་བའི་ཨ་མེ་རི་ཀ་ཕྱི་དགྲ་གཙོ་བོ་རུ་འཛིན་པའི་སློབ་གསོ་བསྣན་དུས། རྒྱ་ནག་པ་ཕལ་མོ་ཆེས་མྱོང་ཤེས་ཀྱི་རྨང་གཞི་ལ་བརྟེན་ནས་རྟོག་གཞིགས་དང་དབྱེ་ཞིབ་ཀྱིས་རྫུན་དོར་བདེན་འཇོག་བྱས་ཏེ་རྗེས་དཔག་དང་བརྡར་ཤ་གཅོད་པའི་ཤེས་པ་མ་ཡིན་པར། རྒྱ་གཞུང་གི་དམིགས་ཡུལ་ཅན་གྱི་རྨོངས་སྒྱུར་དྲིལ་བསྒྲགས་ཁོ་ནར་ཡིད་ཆེས་རྗེས་འབྲངས་ལས་བྱུང་བའི་ཨ་མེ་རི་ཀ་དགྲ་རུ་འཛིན་པའི་བློ་ཁ་དྲག་པོ་བཅངས་ཡོད།
རྒྱ་ནག་དམག་ཕྱོགས་ཀྱིས་ཕྱི་ལོ ༢༠༡༣ ལོར་བཏོན་པའི་དངོས་བྱུང་གློག་བརྙན༼ སྒྲ་མེད་ཀྱི་འགྲན་རྩོད༽ ཅེས་པའི་ནང་ཨ་རི་དེ་དགྲ་ཡ་ཨང་དང་པོར་བཞག་ཡོད། དངོས་བྱུང་གློང་བརྙན་དེས་ཨ་རིའི་ཆེས་གལ་གནད་ཆེ་བའི་འཐབ་ཇུས་དམིགས་ཡུལ་ནི “རྒྱ་ནག་ལ་བཏང་འཛིན”། “རྒྱ་ནག་ཁ་ཕྲལ་ཐོར་ཞིག་ཏུ་གཏོང་རྒྱུ”ཡིན་ཚུལ་བཀོད་ཡོད་ལ། འདི་ནི་ནམ་རྒྱུན་མཐོང་རྒྱུ་གོ་རྒྱུ་ཡོད་པའི་གཞུང་གི་བཤད་སྟངས་རང་རེད། དེ་ནི་དབང་ཆ་སྒེར་གཅོད་སྲིད་དབང་མང་ཆེ་བ་ནང་བཞིན། རྒྱ་ནག་གཞུང་ཡང “མི་དམངས་ཀྱི་མགོན་སྐྱོབ”བྱེད་འདོད་ཆེན་པོ་ཡོད་བཞིན་པ་རེད། ཡིན་ན་ཡང་། ནུས་སྟོབས་ཅན་གྱི་ཕྱིའི་དགྲ་ཡ་ཞིག་རྟོག་བཟོ་མ་བྱས་ཚེ། མགོན་སྐྱོབ་དེ་དོན་སྙིང་ལྡན་པ་ཞིག་ཡོང་ཐབས་མེད། དེ་བས། རྒྱ་ནག་གཞུང་ལ “སྟོབས་ཤུགས་ཆེ་ཞིང་བསམ་ངན་ཁོག་བཅང”གི་ཨ་རི་ལྟ་བུའི་ཕྱིའི་དགྲ་ཡ་ཞིག་དགོས་མཁོར་ཐུག་ཡོད་ལ། དེ་རྒྱ་ནག་དེང་གཞུང་མུ་མཐུད་ནས་གནས་དགོས་པའི་ཁྲིམས་མཐུན་རང་བཞིན་གྱི་གལ་ཆེའི་སྒྲུབ་བྱེད་ཅིག་ཏུའང་གྱུར་ཡོད།
ཨ་མེ་རི་ཀའི་གློག་བརྙན་དང་བརྙན་འཕྲིན། ཚོང་རྫས། དེ་བཞིན་ཨ་རིའི་རིག་གཞུང་ཁྲོད་ཀྱི་ཆ་ཤས་མང་པོས་རྒྱ་ནག་པའི་ཉིན་རེའི་འཚོ་བར་ཤུགས་རྐྱེན་ཐེབས་དང་ཐེབས་ཀྱིན་ཡོད། སྤྱི་ཚོགས་འབྲེལ་འདྲིས་དྲྭ་ངོས་སུ་ཨ་རིའི་ཆབ་སྲིད་ལམ་ལུགས་ལ་བསྟོད་པའི་བསྔགས་བརྗོད་ནམ་རྒྱུན་མཐོང་རྒྱུ་ཡོད་ལ། འཛམ་གླིང་ལས་དོན་ཁྲོད་བཏོན་པའི་ཨ་རིའི་ནུས་པར་མ་བསྐུལ་དང་བླངས་ངང་སྲུང་སྐྱོབ་དང་ཐག་ཁེག་བྱེད་མཁན་ཡང་ཡོད། དེ་མིན་མི་ལ་ལས་ཨ་རི་དང་ཨུ་རུ་སུ་གཉིས་བསྡུར་ནས། ཉེས་བའི་ལོ་ཤས་སུ་རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་འབྲེལ་བ་ཡག་མདོག་བྱེད་ཀྱིན་ཡོད་མོད། འདས་པའི་ལོ་རྒྱུས་སུ་རྒྱལ་ཁབ་དེ་གཉིས་ཀྱིས་རྒྱ་ནག་ལ་ཐེབས་པའི་ཤུགས་རྐྱེན་ལ་གཞིགས་ནས། “ང་ཚོས་གྲོགས་པོ་བདམས་པ་འགྲིག་ཡོད་དམ” ཞེས་སྐད་མཐོན་པོས་དོགས་འདྲི་བྱེད་མཁན་ཡང་བྱུང་ཡོད།
མི་མང་པོ་ཞིག་གིས་ཕྱོགས་གཅིག་ནས་ཨ་རིས་རྒྱ་ནག་ལ་སེམས་ངན་བཅངས་པར་ཡིད་ཆེས་བྱེད་ཞོར་དུ། ཡང་ཨ་རིར་སོང་ནས་དེ་ཀར་འཚོ་བ་རོལ་རྒྱུར་སྙིང་ནས་རེ་བ་བཅོལ་གྱིན་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་རྒྱ་ནག་པ་མི་ཉུང་བ་ཞིག་གིས་ཀྱང་རྒྱ་ནག་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ལ་སྡུག་སྐད་འདོན་གྱིན་ཡོད། རང་རང་སོ་སོའི་རྒྱུ་དངོས་ཀྱི་བདེ་འཇགས་ཀྱི་ཆེད་དུ། རྒྱ་ནག་པ་མང་པོས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས་ཁང་པ་ཉོ་འདོད་ཡོད་མོད། འོན་ཀྱང་། རྒྱ་ནག་མིན་པའི་གཞུང་དང་སྒྲིག་འཛུགས་ཤིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ་ཞིག་གོ་ཚེ། ཁོང་ཚོས་ལམ་སང་ལངས་ཕྱོགས་ལ་འགྱུར་བ་གཏོང་ངེས་ཡིན་ལ། ཁོང་ཚོས་ནམ་རྒྱུན་ཨ་རིའི་ཉག་ས་ཞན་ས་མང་པོ་བགྲང་སྲོལ་ཡོད། དཔེར་ན། རིགས་ཚོགས་མཐོང་ཆུང་། མེ་མདའ་ཚོད་མི་འཛིན་པ་སོགས། དེ་དག་ནི་རྒྱ་ནག་གཞུང་འབྲེལ་མགྲིན་ཚབ་སྨྱན་བྱད་ཁག་ཏུ་དུས་རྟག་ཏུ་བསྒྲགས་བསྡད་ཡོད་པས་ཀྱང་ཡིན།
སེམས་ཁམས་དེ་རྒྱ་ནག་པ་དཀྱུས་མ་ཁོ་ནར་ཡོད་པ་ཞིག་ཡིན་ལ། རྒྱ་ནག་གི་ཁྱད་ཆོས་ཞིག་ནི། གཞུང་གི་དཔོན་རིགས་དང་ཤེས་ལྡན་པ་ཚོས་ཀྱང་ཨ་རི་ལ་དེ་འདྲའི་དགའ་སྡང་འདྲེས་མའི་བློ་ཁ་ཞིག་བཟུང་ཡོད།
གཞུང་གི་དཔོན་རིགས་མོད་པས་རང་རང་གི་བྱིས་པ་ཨ་རིར་བསྐྱལ་ནས་སློབ་སྦྱོང་དང་། ཡང་ན་ཨ་རིར་མ་རྩ་བཞག་ནས་གཏན་སྡོད་ཀྱི་ཐོབ་ཐང་རེག་ཐབས་བྱས་དང་བྱེད་ཀྱིན་ཡོད། ལོ་མང་རིང་ཨ་རིའི་རྩེ་ཕུད་སློབ་ཆེན་དག་ནི་རྒྱ་དམར་གུང་ཁྲན་གཞུང་གི་དབང་གྲགས་ཁྱིམ་རྒྱུད་ཀྱི་ཡིད་སྨོན་ཤོར་ས་དེ་ཡིན། དེའི་ཁྲོད་སྐད་གྲགས་ཆེ་ཤོས་ནི་ཞི་ཅིན་ཕེང་གི་བུ་མོ་ཨ་རིའི་ཧ་ཝོར་ཊི་གཙུག་ལག་སློབ་ཆེན་དུ་བསྐྱལ་ཡོད་པ་དེ་ཡིན་རྒྱུ་རེད།
མི་དེ་ཚོས་བློ་བདེ་བག་ཕེབས་ངང་ཨ་རིའི་འཚོ་བའི་དགེ་མཚན་ལོངས་སུ་སྤྱོད་ཀྱིན་ཡོད་ལ། ཡང་དེ་དང་དུས་མཉམ་དུ་དེ་དང་རྦད་དེ་ལྡོག་ཟླ་ཡིན་པའི་ལྟ་བ་དང་ལངས་ཕྱོགས་ཡོངས་ཁྱབ་ངང་སྒྲོག་གིན་ཡོད། རྒྱ་ནག་པ་མང་པོ་ཞིག་ལ་མཚོན་ན། དེ་ཡི་གཡོ་རྫུས་ངང་ཚུལ་དེ་མངོན་སུམ་འཛེམ་མེད་ཡིན་པས། དེ་འདྲའི་མ་མཐའ་ངོ་ཚ་ཙམ་ཡང་མེད་པའི་མི་གཤིས་དེ་རྒྱ་ནག་གི་རིག་གནས་དང་འབྲེལ་མེད་དམ་ཞེས་པའི་བསམ་བློ་ཞིག་རང་བཞིན་དུ་སྐྱེས་ཡོང་།
དགའ་འོས་པ་ཞིག་ནི། ཞིབ་བཤེར་དང་བཀག་འགོག་ཁྲོད། རྒྱ་ནག་པ་དཀྱུས་མ་མང་པོ་ཞིག་གིས་མགོ་བཀྱགས་ནས་ཉན། མི་ཕྱེས་ནས་བལྟས། དངོས་ཡོད་བདེན་པའི་ལམ་ནས་རྒྱལ་ཁབ་དེ་དང་ཁོང་ཚོ་གནས་སའི་འཇིག་རྟེན་ལ་ཞིབ་ལྟ་བྱེད་ཀྱིན་ཡོད། ཨ་རིའི་དབུ་ཁྲིད་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། མི་དེ་དག་ནི་ད་གཟོད་རེ་བ་བཅོལ་སའི་རིགས་ཚོགས་དེ་ཡིན། སྤྱིར་བཏང་གཞུང་ལ་ཡིད་རྟོན་ཡེ་ནས་མེད་ལ། ནང་སྒོས་སུ་རྒྱ་ནག་གཞུང་ལ་དེ་བས་ཀྱང་ཡིད་རྟོན་བྱ་མི་རུང་།
གཞུང་དེས་ད་དུང་ཡང་མི་དམངས་ཀྱི་མགོན་སྐྱོབ་འཁྲབ་འདོད་ཡོད་ཚེ། དེ་ཡིས་ད་དུང་ཡང་དེ་ལྟ་བུའི་ལྡོག་ཕྱོགས་ཀྱི་དྲིལ་བསྒྲགས་ལ་བརྟེན་འདོད་ཡོད་ཚེ། ཨ་རི་དང་རྒྱ་ནག་གི་མཛའ་མཐུན་ཟེར་བ་དེ་རྒྱང་རིང་གི་རྨི་ལམ་ཞིག་ལས་མ་འདས་པས། ལམ་ཐག་རྒྱང་རིང་རེད། ཐོན་རྒྱུ་དཀའ་མོ་རེད། ཅེས་ཟེར་རྒྱུ་ལས་གཞན་ཅི་ཞིག་ཡོད་དམ།