
རྒྱ་ནག་ན་མནར་གཅོད་ཐུ་མོ་ཆེ་རྒྱ་ཁྱབ་ཏུ་ཡོད་པ་མི་ཚང་མས་ཤེས་ཤེས་པ་རེད། འཇིག་རྟེན་གནམ་འོག་གི་སྐྱེས་པོ་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་བའི་ཞི་ཅིན་ཕེང་གི་སྤེལ་བའི་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་འགན་ལེན་ལག་བསྟར་བྱེད་མཁན་ནི་ཁྲིམས་ལུགས་འཛིན་སྐྱོང་གི་ཐོབ་ཐང་མི་ལྡན་པའི་དམར་ཤོག་ཚོགས་པའི་སྒྲིག་འཛུགས་ལས་ཁུངས་ཤིག་སྟེ། རྒྱ་ནག་གུང་ཁྲན་ཏང་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཟེར་བ་དེ་རེད། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཚོ་ཉེན་རྟོག་པ་མིན་ཡང་། རྔམ་རྔམ་རྫིག་རྫིག་གིས་མི་འཛིན་བཟུང་དང་བཀག་ཉར། དུ་དུང་འདྲི་གཅོད་ཀྱང་བྱས་ཆོག རྒྱ་གཞུང་གིས་དེ་ལ “གཏན་འཁེལ་གཉིས”ཏེ་རྒྱའི་སྐད་དུ “双规”ཟེར། ས་གནས་གཏན་འཁེལ་དང་དུས་ཚོད་གཏན་འཁེལ་ནང་གྱོད་དོན་དང་འབྲེལ་ཡོད་གནད་དོན་གསལ་བཤད་སྐབས། ཁོང་ཚོའི་ཐབས་དང་བཀོལ་པ་མང་ཆེ་ཤོས་ནི་ཡ་ང་སྙིང་རྗེ་མེད་པའི་ལུས་སེམས་ལ་མནར་གཅོད་སྡུག་སྦྱོང་དང་འཇིགས་སྐུལ་རེད།
འདས་པའི་ལོ་ཤས་ནས་བཟུང་། རྒྱ་དམར་གཞུང་གི་གསར་འགྱུར་རང་དབང་དང་། གཞུང་དང་ཆབ་སྲིད་ཀྱི་ལྟ་གྲུབ་ཐ་དད་པ་རྣམས་ལ་དྲག་གནོན་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་རིགས་ཇེ་མང་ལས་ཇེ་ཉུང་དུ་སོང་མེད། མི་མང་པོ་ཞིག་གཞུང་ལ་སྐྱོན་བརྗོད་བྱས་པ་ཙམ་ལ་རྐྱེན་བྱས་ཏེ་འཛིན་བཟུང་བཀག་ཉར་བྱས་རྗེས། ཉེན་རྟོག་པར་ཉེས་མིང་ཞིག་མ་རེག་ཚེ། ཁྲིམས་འགལ་ངང་བཀག་ཉར་དང་དྲག་པོའི་གཅར་རྡུང་། བརྙས་བཅོས་གཏོང་བ་སོགས། བཀག་ཉར་འདྲི་གཅོད་ཀྱི་མགོ་ནས་མཇུག་བར་གྱི་བརྒྱུད་རིམ་ཁྲོད། ཉེན་རྟོག་པ་དང་བདེ་འཇགས་ལས་བྱེད་པས་ཐ་ན་མིང་ཐོབ་ཡང་མི་བཤད་པར། མཐར་མ་ཉེས་ཁག་གཡོགས་བྱེད་ཀྱིན་ཡོད།
བཀག་སྐྱིལ་ས་ཁུལ་ངོ་མ་ཁག་ཏུ། ཁྲིམས་གཅོད་མ་བྱས་པར་ཁྲིམས་ཆད་འཁུར་བའི་ངལ་རྩོལ་བཅོས་བསྒྱུར་མི་སྣ་ཡིན་ཡང་རུང་། ཡང་ན་ཁྲིམས་གཅོད་ལྟར་ཁྲིམས་ཆད་འཁུར་བའི་ཉེས་ཅན་པ། ཚང་མས་བསམ་ཡུལ་ལས་འདས་པའི་དྲག་པོའི་གནར་གཅོད་མྱངས་ཡོད། བོད་ལྗོངས་གྲ་བཞི་བཙོན་ཁང་དུ། བོད་ཀྱི་ཆབ་སྲིད་བཙོན་པ་བཙུན་མ་ཚོར་གློག་དབྱུག་གིས་ཁོང་ཚོའི་ནུ་མར་གློག་བཏང་བ་དང་མོ་མཚན་ནང་གློག་དབྱུག་བཅུག་པ་སོགས་སྐྱི་གཡའ་དགོས་པའི་མནར་གཅོད་བརྙས་བཅོས་བྱས་ནས་ལུས་སེམས་གཉིས་ཀར་བཟོད་ཐབས་མེད་པའི་དཀའ་ངལ་བཟོས་པ་དང་། ཡང་དེ་བཞིན་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་དྲག་སྤྱོད་སྤེལ་བའི་ཉེས་མེད་ཉེས་འཛུགས་བྱས་ནས་ལོ་མང་རིང་བཙོན་འཇུག་བྱས་མཐར། ད་ལོའི་ཕྱི་ཟླ་བདུན་པར་གློ་བུར་དུ་རྒྱ་མིའི་བཙོན་ཁང་དུ་སྐུ་གྲོངས་རྗེས། སྐུ་གདུང་ཕྱིར་མི་བདག་ལ་སྤྲད་མེད་པ་མ་ཟད། ཐ་ན་གདུང་ཐལ་ཡང་ཕྱིར་སྤྲད་མེད་པ་ལྟ་བུ་རེད།
འདས་པའི་ལོ་ཤས་ནས། ཉེན་རྟོག་ལས་ཁང་དང་རྒྱ་ནག་དབུས་བརྙན་འཕྲིན་ཁང་། ཞིན་ཧྭ་གསར་ལས་ཁང་། མི་དམངས་ཉིན་རེའི་ཚགས་པར་སོགས་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཀྱི་སྡེ་ལག་འབྲེལ་བྱས་ཏེ། ཁྲིམས་གཅོད་ཀྱི་བརྒྱུད་རིམ་སོང་མེད་པའི་བཙན་ཁྲིད་བྱས་པའི་མི་སྣར་བཙན་དབང་གིས་པར་ཆས་ལ་ཁ་གཏད་ནས་སྐྱོན་ངོས་ལེན་དང་། འགྱོད་བཤགས་སོགས་ཡོངས་ཁྱབ་བརྙས་བཅོས་དང་རང་གིས་རང་ལ་བརྙས་བཅོས་བྱེད་དུ་བཅུག་པ་ནི་ཇེ་སྡུག་ནས་ཤིན་ཏུ་ཇེ་སྡུག་ཏུ་འགྲོ་བཞིན་པའི་བསམ་པའི་མནར་གཅོད་རིགས་གསར་བ་ཞིག་རེད།
རྒྱ་ནག་གི་ཁྲིམས་ལུགས་ནང་ཚ་འདྲི་ཚ་ལེན་བྱས་མི་ཆོག་ཅེས་བཀོད་ཡོད་ཀྱང། རྒྱ་ནག་གི་ཁྲིམས་འཛིན་པ་ཕལ་མོ་ཆེས་ཚ་འདྲི་ཚ་ལེན། བརྙས་བཅོས། འཇིགས་སྐུལ་སོགས་ཐབས་བཀོལ་དེ་དག་ནི་ཉེས་ཅན་པ་དང་འཐབ་རྩོད་སྐབས་མེད་དུ་མི་རུང་བའི་ལག་ཆ་རུ་ངོས་འཛིན་བྱས་ཡོད། དེའི་སྟབས་ཀྱིས། ཁྲིམས་འགལ་བྱས་ནས་རེག་པའི་བདེན་དཔང་རིགས་ཁྲིམས་ལུགས་ཀྱིས་བདེན་དཔང་དུ་ངོས་ལེན་བྱེད་ཀྱིན་ཡོད་ན། མནར་གཅོད་བཀག་སྡོམ་གྱི་ཁྲིམས་སྲོལ་དག་ནི་ཁ་སྟོང་ནང་གི་ཚིག་སྟོང་དང་གོ་མི་ཆོད་པའི་གཞུང་ཡིག་ཅིག་ལས་ཅི་ཡང་མིན།
རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་མནར་གཅོད་ཀྱི་བྱེད་ཐབས་རིགས་བེད་སྤྱོད་དང་རྒྱ་ཡན་དུ་གཏོང་གིན་ཡོད་པས ། ཚ་འདྲི་ཚ་ལེན་གྱི་ཉེས་པ་དང་། དྲག་པོའི་ལམ་ནས་བདེན་དཔང་ལེན་པའི་ཉེས་པ་སོགས་ཀྱི་མདུན་དུ། མནར་གཅོད་བཀག་སྡོམ་གྱི་ཁྲིམས་སྲོལ་ཟེར་བ་དེ་ནུས་མེད་ཤེད་མེད་དུ་གྱུར་ཡོད། གལ་ཏེ་ཚ་འདྲི་ཚ་ལེན་སོགས་མནར་གཅོད་བྱ་སྤྱོད་དེའི་རིགས་ལ་མཇུག་འབྲས་ཚབས་ཆེན་བྱུང་ཚེ། དཔེར་ན་འདྲི་གཅོད་བྱེད་ཡུལ་ཤི་བ་ཡིན་ན། ཡང་ན་སྤྱི་ཚོགས་སྟེང་གླེང་ཕྱོགས་ངན་པ་བཟོས་ཚེ། ད་གཟོད་དོ་སྣང་ཞིག་ཡོང་སྲིད་ཀྱང་། ནམ་རྒྱུན་ཉེས་པ་བདའ་འདེད་ནན་མོ་ཞིག་བྱེད་མི་ཐུབ།
༼མནར་གཅོད་ལ་ངོ་རྒོལ་སྤྱི་ཆིངས༽ནང་གི་བསམ་པའི་མནར་གཅོད་སོགས་རྒྱ་གཞུང་གི་ཁྲིམས་ལུགས་ནང་གླེང་མེད་པའི་མ་ཚད། ཉེན་རྟོག་པ་དང་འདྲི་གཅོད་མི་སྣས་དེ་ནི་སེམས་ཁམས་ཀྱི་འཐབ་ཇུས་ལ་ངོས་འཛིན་གྱིས། ནང་མི་ཉེ་འབྲེལ་གྱི་གོ་ས་དང་ལས་ཀ ལོ་ན་ཆུང་བའི་བྱིས་པ་དང་ཕ་མའི་གནས་སྟངས་སོགས་འདྲི་གཅོད་བྱེད་ཡུལ་ལ་འཇིགས་སྐུལ་བྱེད་སྤྱད་དུ་གྱུར་ཡོད།
ཉེན་རྟོག་ལས་ཁང་དང་། ཞིབ་དཔྱོད་ལས་ཁང་། ཁྲིམས་ཁང་བཅས་ནི་གུང་ཁྲན་ཏང་གི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག“ཁྱིམ་ཚང་གཅིག་གི་ནང་སྤུན”ཡིན་པས། མནར་གཅོད་རེག་མཁན་ཚོའི་ཞུ་གཏུག་ལ་རྒྱལ་ཁ་ཐོབ་མི་སྲིད་པ་མ་ཟད། ད་དུང་བཀག་རྒྱ་རབ་དང་རིམ་པ་ཡོད་ལ། དུས་རྒྱུན་འཁོན་ལན་སློག་ནས་མ་ཉེས་ཁག་གཡོགས་ཀྱང་རེག་གིན་ཡོད།
དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། རྒྱ་ནག་གི་མནར་གཅོད་བྱ་སྤྱོད་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད། བཀག་ཉར་དང་བཙོན་ཁང་ལས་གློད་པའི་བོད་མི་མང་པོ་ཞིག་ཅུང་མི་འགོར་བར་ཤི་འགྲོ་བ་དང་ཡང་ན་ནད་པར་གྱུར་ཡོད་པ་ལས། ཁོང་ཚོ་བཙན་ཁང་དང་བཀག་ཉར་འོག་ཡོད་དུས་ཤ་ཁྲག་གི་ཕུང་བོས་གྲུབ་པའི་མི་ལུས་རྒྱུན་ལྡན་ཞིག་གི་མི་ཐེག་པའི་ཚད་ལས་བརྒལ་བའི་གཅར་རྡུང་དང་མནར་གཅོད་བཏང་ཡོད་པ་ཤེས་ཐུབ། ད་དུང་མང་པོ་ཞིག་འཇིག་རྟེན་ཉི་མའི་འོག་གློ་བུར་དུ་འཇའ་བཞིན་ཡལ་ནས་གསོན་ན་མི་དང་ཤི་ན་རོ་ཡང་མཐོང་རྒྱུ་མེད།
དེ་བཞིན་ལོ་སྔོན་མར་ཧོང་ཀོང་དུ་བྱུང་བའི“ཆར་གདུགས་ལས་འགུལ”སྐབས་ཧོང་ཀོང་གི་ཉེན་རྟོག་པས་ངོ་རྒོལ་བར་དྲག་ཤེད་བཀོལ་ཡོད་པ་དང་། རྒྱ་ནག་གཞུང་གིས་མཐའ་འཁོར་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་བྱས་ནས་གཞུང་དང་ཆབ་སྲིད་ཀྱི་ལྟ་གྲུབ་ཐ་དད་ཡིན་པའི་མི་སྣ་དང་། ཡུ་གུར་བའི་སྐྱབས་བཅོལ་བ་འབོར་ཆེན་འཛིན་བཟུང་གིས་ཕྱིར་རྒྱ་ནག་ནང་བསྐྱལ་བ་ལ་སོགས། མདོར་ན། མནར་གཅོད་རིགས་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད།
མནར་གཅོད་ནི་འགྲོ་བ་མིའི་ཆེས་ཀླ་ཀློའི་ཅན་གྱི་ལྷག་ལུས་བྱ་སྤྱོད་ནང་གི་གཅིག་ཡིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་ལྷན་ཚོགས་ཀྱི་དུས་བཅད་ལྟར་ཞིབ་དཔྱད་བྱས་པས་མནར་གཅོད་རྒྱ་ཡན་དུ་མི་ཁྱབ་རྒྱུར་བྱས་རྗེས་བླ་ན་མ་མཆིས་པ་བཞག་ཡོད་པ་གདོན་མི་ཟ། ཡིན་ན་ཡང་། རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཐེ་བའི་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་ཞོད་འཇགས་རྣམ་འགྱུར་གསལ་བོའི་ངང་ཤེས་ཡོད་པས། ཞིབ་དཔྱད་དང་ལྟ་སྐུལ་དེ་དག་ལ་གདོང་ལེན་བྱེད་ཕྱོགས་ཐད་ནས་ཀྱང་གང་འདོད་གང་དྲན་ལྟར་བྱེད་ཀྱིན་ཡོད་པ་ལས་མཐུན་ཐབས་གཅིག་ཀྱང་བྱེད་ཀྱིན་མེད།
གང་ལྟར། འགྲོ་བ་མིའི་ཆབ་སྲིད་དཔལ་ཡོན་དཀའ་ཁག་གསར་བ་ཞིག་ལ་ཐུག་ཡོད་པ་སྨོས་མི་དགོས།
མནར་གཅོག་བཀག་སྡོམ་སྤྱི་ཆིངས་ཞེས་པའི་མིང་ཁ་ཚང་ནི། མནར་གཅོད་དང་གཞན་གདུག་རྩུབ་ཆེ་བ། མི་ཆོས་མ་ཡིན་པ། ཡང་ན་མི་གཤིས་དམའ་འབེབས་དང་བརྙས་བཅོས་རིགས་ཀྱི་ཉེས་ཆད་བཀག་སྡོམ་གྱི་སྤྱི་བོའི་ཆིངས་ཡིག་ཟེས་ཟེར་ཞིང་། ཕྱི་ལོ ༡༩༨༤ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གྲོས་ཆོད་བཞག་པ་དང་། ༡༩༨༧ ལོར་ལག་བསྟར་བྱས། རྒྱ་ནག་གཞུང་གིས་ཕྱི་ལོ ༡༩༨༤ ལོར་མནོར་གཅོད་བཀག་སྡོམ་སྤྱི་ཆིངས་སྟེང་མོས་མཐུན་མཚན་རྟགས་བརྒྱབས་ཡོད་པ་རེད། ཡིན་ན་ཡང་དུས་དེ་རིང་ད་དུང་ལག་ལེན་དུ་བསྟར་མེད།