མི་དམངས་དངུལ་སྒོར་འཛམ་གླིང་མཛོད་དངུལ་དུ་ཚུད་པར་མཚོན་བྱེད་ཀྱི་རང་བཞིན་ཙམ་ལས་གཞན་མེད།

t01d1d1110ad5603e10ད་ལོའི་སྤྱི་ཟླ ༡༡ པའི་ཚེས ༣༠ ཉིན། རྒྱལ་སྤྱི་དངུལ་ལོ་ཐེབས་རྩ་སྒྲིག་འཛུགས་ཀྱིས་འགན་འཛིན་ལྷན་ཚོགས་བསྐོངས་ནས་རྒྱ་ནག་མི་དམངས་དངུལ་སྒོར་དེ་དམིགས་བསལ་དངུལ་ལེན་དབང་ཚད་ལྡན་པའི་གྲས་སུ་འཇུག་མིན་དང་འབྲེལ་ཡོད་གནད་དོན་ཐད་གོ་བསྡུར་གནང་ཞིང་།  མི་རྣམས་པའི་བསམ་ཡུལ་ལས་མ་འདས་པར། རྒྱ་ནག་མི་དམངས་དངུལ་སྒོར་དེ་འཛམ་གླིང་མཛོད་དངུལ་ཨང་ལྔ་བ་རུ་བདམས་པ་རེད། འཛམ་གླིང་དཔལ་འབྱོར་གནས་བབ་ལ་གཞིགས་ན། དེ་ཡིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུར་ཆེད་མཁས་པས་ཚོད་དཔག་བྱས་འདུག

རྒྱལ་སྤྱི་དངུལ་ལོ་ཐེབས་རྩ་སྒྲིག་འཛུགས་ཀྱིས་འཆར་གཞི་ལྟར་མི་དམངས་དངུལ་སྒོར་དེ་རྒྱལ་ཁབ་དང་སྒྲིག་འཛུགས་སོགས་ཀྱིས་ཉར་འཇོག་བྱས་ཆོག་པའི་ཕྱི་དངུལ་གསོག་འཇོག་གི་དངུལ་སྒོར་ཏེ་འཛམ་གླིང་མཛོད་དངུལ་གྱི་དངུལ་ལོ་ཨང་ལྔ་བ་རུ་མདམས་ཡོད་པ་རེད། དེ་འདྲ་སོང་ཙང་། གཞུང་ལུགས་ཀྱི་ཆ་ནས་བཤད་ན། མི་དམངས་དངུལ་སྒོར་དེ་ཨ་སྒོར་དང་། དབྱིན་ཇའི་སྒོར་མོ། ཉི་ཧོང་གི་སྒོར་མོ་སོགས་དང་གདན་ཐོབ་འདྲ་མཉམ་ཡིན།
མི་དམངས་དངུལ་སྒོར་འཛམ་གླིང་མཛོད་དངུལ་གྱི་གྲས་སུ་ཚུད་པ་དེར་མཚོན་བྱེད་ཀྱི་རང་བཞིན་ཙམ་ལས་དོན་དམ་པའི་རང་བཞིན་ཆེར་མེད་ཚུལ་ཆེད་མཁས་པས་གདེང་འཇོག་བྱས་ཡོད།

མི་དམངས་དངུལ་སྒོར་འཛམ་གླིང་མཛོད་དངུལ་དུ་བཅུག་པའི་ཐད་མི་རྣམ་པས་ཤེས་དགོས་པའི་གནད་དོན་ཁག་ཅིག་ཡོད་པ་འདི་ལྟ་སྟེ།

མི་དམངས་དངུལ་སྒོར་འཛམ་གླིང་མཛོད་དངུལ་དུ་ཚུད་པ་དེས་ཅི་ཞིག་མཚོན་གྱིན་ཡོད་དམ།
རྒྱལ་སྤྱི་དངུལ་ལོ་ཐེབས་རྩ་སྒྲིག་འཛུགས་ཀྱི་མཛོད་དངུལ་ནང་གི་དངུལ་སྒོར་དག་འཛའ་ཐང་གི་ཆེ་ཆུང་གིས་ཐུན་མོང་མི་བཟོས་དངུལ་སྒོར་ཞིག་ཏུ་གྱུར་ཡོད་ལ། དེ་ལ་དམིགས་བསལ་དངུལ་ལེན་དབང་ཚད་ཅེས་འབོད་སྲོལ་ཡོད།  མི་བཟོས་དངུལ་སྒོར་དེ་ཚོང་དོན་བརྗེ་རེས་གཅིག་གི་ནང་དུའང་མི་ཞུགས་པར། འཛམ་གླིང་དངུལ་ལོ་ཐེབས་རྩ་སྒྲིག་འཛུགས་ཀྱི་བསྡོམས་རྩིས་འཇལ་ཚད་ཁོ་ན་ཙམ་ཡིན། འཛའ་ཐང་གི་ཐད་ནས་བཤད་ན། མི་དམངས་དངུལ་སྒོར་དེ་འཛམ་གླིང་མཛོད་དངུལ་གྱི་དངུལ་ལོར་གྱུར་བ་དེས་འཛམ་གླིང་མཛོད་དངུལ་ནང་གི་སྒོར་མོ་གཞན་རྣམས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་ལ། ལྷག་པར་དུ་ཉི་ཧོང་གི་སྒོར་མོར་ཤུགས་རྐྱེན་ཆེན་པོ་ཡོད།

མི་དམངས་དངུལ་སྒོར་འཛམ་གླིང་མཛོད་དངུལ་དུ་ཚུད་པ་དེས་རྒྱལ་སྤྱི་དངུལ་རྩ་ཁྲོམ་རར་ཡོ་འཁྱོམ་སློང་སྲིད་དམ།
སློང་མི་སྲིད། ཆེད་མཁས་པས་རྒྱལ་སྤྱི་དངུལ་སྒོར་ཐེབས་རྩ་སྒྲིག་འཛུགས་གྱི་ཐག་གཅོད་དེས “དུས་རབས་ཀྱི་འགྱུར་ལྡོག་དང་ཨ་རིའི་སྒོར་མོས་དབུ་ཁྲིད་པའི་གོ་གནས་མཇུག་རྫོགས་པ་མཚོན་ཡོད”ཟེར་མོད། དེ་མི་སྲིད་པ་ཞིག་རེད། གལ་ཏེ་དེ་འདྲ་ཡིན་པའི་དབང་དུ་སོང་ཡང་། ལམ་སང་བྱུང་སྲིད་པ་ཞིག་མིན། སྤྱི་ཟླ ༡༡ ཚེས ༣༠ཉིན་རྒྱལ་སྤྱི་དངུལ་ལོ་ཐེབས་རྩ་སྒྲིག་འཛུགས་ཀྱིས་མི་དམངས་དངུལ་སྒོར་འཛམ་གླིང་མཛོད་དངུལ་དུ་བཅུག་པ་གསལ་བསྒྲགས་བྱས་ཡོད་ཀྱང་།  ༢༠༡༦ ལོའི་མཇུག་ཏུ་མ་གཏོགས་ལག་བསྟར་བྱེད་མི་ཐུབ་པས། ཁྲོམ་རར་གྲ་སྒྲིག་བྱ་རྒྱུའི་དུས་ཚོད་འདང་ངེས་ཞིག་ཡོད།

རྒྱ་ནག་ལ་མི་དམངས་དངུལ་སྒོར་དེ་འཛམ་གླིང་དངུལ་སྒོར་དུ་གཏོང་རྒྱུའི་ཧམ་པ་ཡོད་དམ།
ཡོད་དེ། འཛམ་གླིང་ཚོང་ལས་ཕལ་མོ་ཆེ་གཅིག་མཚུངས་རེད། རྒྱ་ནག་གི་དངུལ་རྩ་ཁྲོམ་རའི་དམིགས་ཡུལ་ནི་ཨ་རིའི་དབུ་ཁྲིད་པའི་གོ་གནས་ལ་འགྲན་སློང་རྒྱུ་དེ་རེད། དེའི་སྟབས་ཀྱིས། རྒྱ་ནག་གི་དབུ་ཁྲིད་ཚོས་ལོ་དུ་མའི་སྔོན་ནས་བཟུང་། ཧུར་ཐག་འབད་ཐག་བྱས་ནས་མི་དམངས་དངུལ་སྒོར་དེ་ཨ་རིའི་སྒོར་མོ་དང་འགྲན་ནུས་པའི་དངུལ་སྒོར་ཞིག་ཏུ་བསྐྲུན་ཐབས་བྱས་པ་རེད། སྤྱི་ལོ ༢༠༠༩ ལོ་ནས་བཟུང་། རྒྱ་ནག་གཞུང་གིས་རིམ་བཞིན་རྒྱལ་ཁབ ༣༠ ལྷག་དང་མཉམ་དུ“རྒྱུ་ནོར་བརྗེ་རེས། 掉期交易, Swap”གྲོས་མཐུན་ཟེར་བ་བཞག་པ་དང་། རྒྱལ་ཁབ་དེ་དག་ཕལ་ཆེ་བ་ཨེ་ཞི་ཡ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་རེད། གྲོས་མཐུན་དེ་ཁོ་ནའི་རྐྱེན་གྱིས་རྒྱ་ནག་དང་རྒྱལ་ཁབ་དེ་ཚོའི་བར་ཐད་ཀར་རང་རང་གི་དངུལ་སྒོར་བཀོལ་ནས་ཚོང་ལས་སྤེལ་ཆོག་གི་ཡོད།

འཛམ་གླིང་དངུལ་སྒོར་འཁོར་སྐྱོད་ཁྲོད། ད་བར་དུ་མི་དམངས་དངུལ་སྒོར་གྱིས་གོ་གནས་ག་འདྲ་ཞིག་ཟིན་ཡོད་དམ།
འདས་པའི་ལོ་ཤས་སུ། རྒྱ་ནག་གི་མི་དམངས་དངུལ་སྒོར་གྱིས་བསྙེགས་བརྒལ་གྱི་བརྒྱུད་རིམ་འགྲུབ་ཡོད་ལ། ༢༠༡༢ ལོའི་ཟླ ༨ར། མི་དམངས་དངུལ་སྒོར་དེ་འཛམ་གླིང་གི་དངུལ་ལོ་ཨང་རིམ་ཁྲོད་ཨང་བཅུ་གཉིས་པ་ཡིན་ཞིང་། འཛམ་གླིང་དངུལ་ལོ་བརྗེ་རེས་ཨང་རིམ་ཁྲོད་ཨང་བཞི་བ་ཆགས་ཡོད་པ་རེད།  དེ་དུས་ནས་ཉི་ཧོང་གི་སྒོར་མོ་ལས་བརྒལ་ཡོད། ཡིན་ན་ཡང་། འཛམ་གླིང་མཛོད་དངུལ་དུ་གྱུར་བའི་དངུལ་ལོའི་བསྡུར་ཚད་ལྟར་ན། མི་དམངས་དངུལ་སྒོར་དེ་ད་དུང “མིའུ་ཐུང”ཞིག་ལས་མིན། འོན་ཀྱང་ཉེ་ཆར་གྱི་བསྡོམས་རྩིས་ལས་མི་དམངས་དངུལ་སྒོར་གྱིས་རྒྱལ་སྤྱི་དངུལ་ལོ་བརྗེ་རེས་སྤྱིའི་བངས་ཚད་ཁྲོད་ཀྱི་བསྡུར་ཚད་ནི ༢.༧%ལས་མེད་པ་དང། ཨ་རིའི་སྒོར་མོ་ཌོ་ལོར་གྱི་བསྡུར་ཚད་ནི ༤༤.༨%ཡིན་ཞིང་། ཡོ་རོབ་སྒོར་མོའི་བསྡུར་ཚད་ནི ༢༧.༢%། དབྱིན་ཇིའི་སྒོར་མོའི་བསྡུར་ཚད་ནི ༨.༥%ཡིན།

མི་དམངས་དངུལ་སྒོར་ལ་རྒྱལ་སྤྱིའི་གོ་ས་ཐོབ་དགོས་ན་ད་དུང་དགོས་ངེས་ཅན་གྱི་ཆ་རྐྱེན་གང་དག་འཛོམས་དགོས་སམ།
གལ་ཏེ་མི་དམངས་དངུལ་སྒོར་གྱིས་ཉི་མ་ཞིག་ལ་ཨ་རིའི་སྒོར་མོ་དང་ཐོབ་ཐང་འདྲ་མཉམ་བྱེད་བསམ་ན། རྒྱ་ནག་གི་ད་དུང་ངེས་པར་དུ་བཅོས་བསྒྱུར་སྣ་མང་ཞིག་བྱེད་དགོས། དེ་ཡང་ཨ་སྒོར་དང་ཡོ་རོབ་ཀྱི་སྒོར་མོ་ནང་བཞིན། མི་དམངས་དངུལ་སྒོར་གྱིས་ངེས་པར་དུ་རང་དབང་ངང་བརྗེ་རེས་བྱེད་ཐུབ་དགོས། ད་ལྟའི་གནས་སྟངས་ལ་གཞིགས་ན། དེ་ད་དུང་ཧ་ཅང་ཚད་ཅན་ཞིག་རེད། དེ་མིན། མི་དམངས་དངུལ་སྒོར་གྱི་འཛའ་ཐང་གི་འཕར་ཆག་གནད་དོན་ཐད། ཐག་གཅོད་ཀྱི་དབང་ཆ་ཡོད་མཁན་དེ་ཚོང་ལས་ཁྲོམ་ར་མ་ཡིན་པར། ད་དུང་ཡང་རྒྱ་ནག་པེ་ཅིང་གཞུང་ཡིན། པེ་ཅིང་གིས་གནས་སྟངས་དེར་འགྱུར་བ་གཏོང་རྒྱུ་ཡིན་ལུགས་ཐེངས་མང་པོར་བསྒྲགས་ཡོད་ཀྱང་། ལག་ལེན་དུ་ད་དུང་ཡང་བསྟར་མེད།

མི་དམངས་དངུལ་སྒོར་རང་དབང་ངང་བརྗེ་རེས་བྱེད་རྒྱུ་མངོན་པར་གྱུར་དགོས་ན་དེ་ལ་ཉེན་ཁ་ཡོད་དམ།
རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ལ་གཞིགས་ན། ཉེན་ཁ་ཡོད་ཡོད་པ་རེད། གལ་སྲིད་མི་དམངས་དངུལ་སྒོར་རང་དབང་ངང་བརྗེ་རེས་བྱེད་རྒྱུ་ལག་ལེན་དུ་དངོས་སུ་བསྟར་རྗེས་མི་དམངས་དངུལ་སྒོར་གྱི་འཛའ་ཐང་སྤར་བ་ཡིན་ན། དུས་ཡུན་ཐུང་ངུའི་ནང་ཁེ་བཟང་འཚོལ་མཁན “ སྒོར་མོ་ཚ་བོ ” འབོར་ཆེན་དུས་ཚོད་ཐུང་ཐུང་ནང་རྒྱ་ནག་ནང་ཡོང་ངེས་ཡིན་ལ། དེ་འདྲའི་གནས་སྟངས་བྱུང་ཚེ་ཐོན་སྐྱེད་རྐང་འཛུགས་ཀྱི་ལྦུ་སོབ་ཇེ་མཐོར་འགྲོ་བའི་ཉེན་ཁ་ཡོད། ཡང་ཕྱོགས་གཞན་ཞིག་ནི། མི་མང་པོ་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་མདུན་ལྗོངས་ལ་སེམས་ཁྲལ་ཡོད་པས། རྒྱུ་ནོར་འབོར་ཆེན་པོ་རྒྱ་ནག་ནས་ཕྱིར་འཐེན་བྱེད་སྲིད་པས། དེ་ཡིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་གནོན་འཚེ་ཕོག་ངེས་ཡིན།

གང་ལྟར། རྒྱལ་སྤྱི་དངུལ་ལོ་ཐེབས་རྩ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་མི་དམངས་དངུལ་སྒོར་འཛམ་གླིང་མཛོད་དངུལ་དུ་བཅུག་པ་དེས་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ལ་འགྱུར་བ་ཐེབས་སྲིད་ཀྱང་། དེ་ལ་མཚོན་བྱེད་ཀྱི་རང་བཞིན་ཙམ་ལས་སྐྲག་དགོས་ས་ཞིག་མིན། འཛམ་གླིང་མི་དམངས་སྐྲག་དགོས་ས་དེ་རྒྱ་ནག་གི་སྒོར་མོ་མ་རེད། རྒྱ་ནག་གི་ལམ་ལུགས་རེད།