རྒྱ་ནག་ཏུ་ཁྲིམས་ལུགས་ཀྱི་གོང་ན་ཆབ་སྲིད་ཡོད།

11Chinalawyer-web-superJumbo
ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ཕུ་ཀྲི་ཆང་།

སྤྱི་ཟླ ༡༢ ཚེས ༢༢ཉིན། པེ་ཅིང་མི་དམངས་འབྲིང་རིམ་ཁྲིམས་ཁང་གཉིས་པས་ཁྲིམས་རྩོད་པ་མིང་གྲགས་ཅན་སྐུ་ཞབས་ཕུ་ཀྲི་ཆང་ལ་ཁྲིམས་ཆད་ལོ་གསུམ་དང་། ཁྲིམས་ཆད་ཕྱིར་འགྱངས་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རྗང ཁིར་བྷེ (John Kirby) ཡིས་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་གི་ཁྲིམས་རྩོད་པ་མིང་གྲགས་ཅན་སྐུ་ཞབས་ཕུ་ཀྲི་ཆང་གློད་བཀྲོལ་ཐོབ་པར་ཨ་རིས་དགའ་བསུ་ཞུ་བཞིན་ཡོད། འོན་ཀྱང་། ཕུ་ཀྲི་ཆང་ཟླ ༡༩འི་རིང་བཀག་ཉར་བྱས་རྗེས། “མི་རིགས་ཞེ་འཁོན་སྐུལ་སློང”དང་། “བསྙད་རྐོ་ཟིང་སློང” ཟེར་བའི་མག་མོག་གི་ཉེས་མིང་བཏགས་ནས་ལོ་གསུམ་གྱི་ཁྲིམས་ཆད་བཅད་ཡོད་པར། ཨ་རིར་མི་བདེ་བའི་ཚོར་བ་སྐྱེས། རྒྱ་ནག་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པར་སྐུ་ཞབས་ཕུ་ཀྲི་ཆང་ལ་ཉེས་ཡོད་ཁྲིམས་ཆད་བཅད་པ་ཕྱིར་འཐེན་བྱེད་རྒྱུར་ཨ་རི་གཞུང་གིས་སྐུལ་འདེད་བྱས་པ་ཡིན་ཞེས་བཀོད་འདུག

དེ་བཞིན་དུ་ཨ་རི་ཕྱི་སྲིད་ལྷན་ཁང་གི་གསར་འགྱུར་གཞུང་སྒྲུབ་ཁང་གི་འགན་འཛིན་ཨེ་ལེ་ཙི་བྷེ་ཐི ཊི་རུ་ཌེའོ (Elizabeth Trudeau) ལགས་ཀྱིས་གཟའ་མིག་དམར་གྱི་འཆར་ཅན་གསར་འགོད་ལྷན་ཚོགས་སྟེང་། ཨ་རི་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཞི་བདེའི་རྣམ་པའི་རྒྱ་ནག་གཞུང་གི་སྲིད་ཇུས་དང་བྱེད་སྒོ་སྤེལ་ཕྱོགས་ཐད་ཁྲིམས་རྩོད་པ་དང་། དྲྭ་རྒྱ་ལས་འགུལ་བ། གསར་འགོད་པ། ཆོས་ལུགས་མི་སྣ་སོགས་ཀྱིས་དོགས་འདྲི་བྱས་པར་རྐྱེན་བྱས་ཏེ་གཞི་རྒྱ་ཆེན་པོས་འཛིན་བཟུང་དང་བཀག་ཉར་བྱས་དང་བྱེད་ཀྱིན་པར་བློ་འཚབ་ཡོད། ང་ཚོས་བལྟས་ན་ཁོང་ཚོ་ནི་གཞུང་གི་གྲོགས་པོ་ཡིན་པ་ལས་དགྲ་བོ་མ་རེད། རྒྱ་ནག་གཞུང་གིས་མི་སེར་གྱི་གཞི་རྩའི་ཐོབ་ཐང་དང་། རྒྱ་ནག་རང་གི་ཁྲིམས་ལུགས་སུ་གསལ་བ་དང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་ཁས་ལེན་བྱས་པའི་དྲང་བདེན་ཁྲིམས་གཅོད་ལ་སྲུང་སྐྱོབ་བྱ་རྒྱུར་ང་ཚོས་མུ་མཐུད་ནས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

དེ་མིན་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་སི་མས་ཐི(Smith)དང་། གྲོས་ཚོགས་གོང་མའི་འཐུས་མི་རུ་བྷ་ཨོ(Rubio)ལགས་གཉིས་ཀྱིས་ཀྱང་། སྐུ་ཞབས་ཕུ་ཀྲི་ཆང་པེ་ཅིང་ལྟ་སྐྱོང་ཁང་དང་པོ་ནས་གློད་བཀྲོལ་ཐོབ་པར་དགའ་ཞིང་བློ་བདེ་བོ་བྱུང་ཡང་། ཁོང་གི་ཁྲིམས་ཆད་ལྟར་ན་དོན་གྱིས་རང་དབང་ཐོབ་མེད། ཁོང་ལ་ཉེས་ཡོད་ཁྲིམས་ཆད་བཅད་པ་དེས་དོན་དངོས་སུ་རྒྱ་ནག་གི་འོད་དུ་འཚེར་བའི་ཁྲིམས་ལུགས་སྐར་ཆེན་ཞིག་ལ་ཁྲིམས་ལུགས་ཀྱི་ལས་དོན་སྒྲུབ་རྒྱུུར་བཀག་འགོག་བྱས་པ་རེད་ཅེས་དང་། ཡང་གྲོས་ཚོགས་གོང་འོག་གི་འཐུས་མི་སི་ནས་ཐི་དང་རུ་བྷ་ཨོ་རྣམ་གཉིས་ཀྱིས་མྱུར་བ་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པར་ཁྲིམས་རྩོད་པ་ཕུ་ཀྲི་ཆང་གི་ཉེས་ཡོད་ཁྲིམས་ཆད་རྩིས་མེད་དུ་གཏོང་དགོས་ཞེས་འབོད་སྐུལ་ཞུ་འདུག

ཨ་རི་གཞུང་གིས་དེང་ཐོག་ནས་བཟུང་ཕུ་ཀྲི་ཆང་གི་གྱོད་དོན་ལ་ཐུགས་ཁུར་ཆེན་པོ་གནང་ཡོད་ལ། ད་ལོའི་སྤྱི་ཟླ ༡༢ ཚེས ༡༤འི་ཉིན་ཕུ་ཀྲི་ཆང་ལ་འདྲི་གཅོད་ཀྱི་ཉིན་མོར། རྒྱ་ནག་པེ་ཅིང་ན་ཡོད་པའི་ཨ་རིའི་དོན་གཅོད་ཁང་གི་དྲུང་ཡིག་ཌ་ནོལ བྷ་ཡེར Daniel Biers གྱིས་རྒྱ་ནག་ཉེན་རྟོག་མི་སྣའི་སུན་གཙེར་དང་གཏོར་བརླག་ལ་མ་འཛེམ་པར། ཁྲིམས་ཁང་ཕྱི་རོལ་དུ་ཨ་རི་གཞུང་གི་ཕུ་ཀྲི་ཆང་ལ་རྒྱབ་སྐྱོར་མཚོན་པའི་གསལ་བསྒྲགས་དེ་སྒྲོག་སྦྱང་གནང་བ་རེད།