—–ཀྲུའུ་ཝེ་ཆོན་གྱི་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པར་གནང་བའི་གཏམ་བཤད་སྐོར་གླེང་བ།
རྩོམ་མཁན། འཇམ་དཔལ་རྒྱ་མཚོ།
བོད་འགྱུར། འབྲོག་མྱི།

བློ་མཐུན་ཀྲུའུ་ཝེ་ཆོན་ལགས་ཀྱིས་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པའི་བཅར་འདྲི་སྐབས། ཀྲང་ཐེ་ལེན “ཁྲི་འདོན”ཟེར་བའི་དོན་དག་ཐད་དཔྱད་གླེང་བྱས་ཡོད་པ་དང་། གསར་འགྱུར་སྨྱན་བྱད་ཆེ་གྲས་ཁག་གིས་ཁ་བྱང་ལ༼རྒྱལ་ཡོངས་སྲིད་གྲོས་ཆོས་ལུགས་དང་མི་རིགས་ལྷན་ཁང་གི་འགན་འཛིན:བླ་སྤྲུལ་རྫུན་མའི་སྣང་ཚུལ་གྱིས་གཅིག་བགྱིས་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་འཚེ་བཟོ་སྲིད༽ཅེས་སྦྱར་ནས། གཞི་རྒྱ་ཆེན་པོས་བསྒྲགས་སྤེལ་བྱས་འདུག
བློ་མཐུན་ཀྲུའུ་ཝེ་ཆོན་ལ་བཤད་མི་ཕོད་པའི་སེམས་སྡུག་ཅིག་ཡོད་པ་འདྲ།
བོད་ཀྱི་གནད་དོན་ཐད་ནས། བློ་མཐུན་ཀྲུའུ་ཝེ་ཆོན་སྔ་ཕྱི་བར་གསུམ་དུ་འཛེམ་བག་མེད་པའི་ཁ་རུ་ཁ་ཐུག རྣམ་འགྱུར་བརྟན་པོའི་བློ་ཐག་རྦད་ཆོད། ཚིག་རྩུབ་ཅིང་སྦྱོར་བ་དྲག་པོས་སྐད་གྲགས་ཡོད། ཡིན་ན་ཡང་བཤད་བཤད་ཚང་མ་བདེན་མིན་དང་། གནས་ལུགས་དང་རྒྱུ་མཚན་ལྡན་མིན། དངོས་ཡོད་གནས་ཚུལ་ཀྲུའུ་ཝེ་ཆོན་གྱིས་བཤད་པ་ནང་བཞིན་ཡིན་མིན་སོགས་ནི་གནས་ཚུལ་གཞན་ཞིག་ཡིན་པས་སྐབས་སུ་བབ་པའི་བརྗོད་བྱ་ལས་དེའི་སྐོར་གླེང་རྒྱུ་མིན། འདི་གར་ངས་བཤད་འདོད་པ་ནི། གང་ལྟར་ཡང་། དེ་སྔོན་བོད་ཀྱི་གནད་དོན་དང་ཡང་ན་མི་རིགས་དང་ཆོས་ལུགས་གནད་དོན་སྐོར་གླེང་དུས། བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་མ་མཐའ་ཡང་མགོ་རྔ་ཚང་པའི་སྐད་ཆ་ཞིག་བཤད་ཐུབ་ལ། རང་གི་ལྟ་བ་གང་ཡིན་པ་དེ་གསལ་པོ་ཞིག་འགྲེལ་བཤད་བྱེད་ནུས། ཡིན་ན་ཡང་། ད་ཐེངས་རྒྱུན་ཚུལ་ལས་ལྡོག་ཏེ། ཁ་ནས་ཐོན་ལ་མ་ཐོན་ལ། བཤད་འདོད་ཀྱང་བཤད་མཚམས་བཅད། བཤད་ཀྱང་ཞིབ་ཆ་མེད་པ། ཉ་གེ་ཉོག་གེ སྐད་ཆ་བཤད་ཙམ་སྐུང་ཙམ། བཤད་མི་ཕོད་པའི་སེམས་སྡུག་ཅིག་ཡོད་པའི་ངང་ཚུལ་གྱིས་གང་ཞིག་འགེབས་ཐབས་དང་སྦས་ཐབས་བྱས་འདུག
བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་རང་ཁག་གཞན་དཀྲི་བྱས་པ།
དབུས་བརྙན་འཕྲིན་ཁང་གི་གནས་ཚུལ་ལ་གཞིགས་ན། བློ་མཐུན་ཀྲུའུ་ཝེ་ཆོན་ལགས་ཀྱིས། “བཅོས་བསྒྱུར་སྒོ་འབྱེད་ནས་བཟུང་། བོད་ཁུལ་དང་ནང་ལོགས་བར་འབྲེལ་འདྲིས་ཇེ་མང་ནས་ཇེ་མང་དུ་སོང་ཡོད། སྤྱིར་བཏང་དེ་དོན་དག་ཡག་པོ་ཞིག་ཡིན་མོད། འོན་ཀྱང་། མི་ལ་ལ་ཞིག་གིས་གོ་སྐབས་དེ་བཟུང་ནས་བླ་སྤྲུལ་དུ་བརྫུས་ནས༼རྒྱ་ནག—བསྒྱུར་མཁན་གྱིས།༽དཀྱིལ་ཤར་ས་ཁུལ་དུ་སོང་ནས་མགོ་གཡོག་མགོ་སྐོར་གྱི་ལས་དག་སྤེལ་ཡོད་པས། དེ་ཡིས་བོད་བརྒྱུད་ནང་བསྟན་གྱི་སྙན་གྲགས་ལ་མིང་ཤས་བཟོས་པའི་མ་ཚད། བོད་བརྒྱུད་ནང་བསྟན་གྱི་དྲི་མས་མ་བསླད་པའི་བརྗིད་ཉམས་ལ་འདག་དཀའ་བའི་དྲེག་པ་བསྒོས་ཡོད་ལ། དེ་མིན་ད་དུང་སྤྱི་ཚོགས་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་ལའང་ཤུགས་རྐྱེན་ངན་པ་ཐེབས་ཡོད ”ཟེར།
ཐོག་མར་ང་ཚོས་གསལ་ཁ་འདོན་དགོས་པ་ཞིག་ནི། བློ་མཐུན་ཀྲུའུ་ཝེ་ཆོན་ལགས་ཀྱིས་དུས་ཡུན་རིང་པོར་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པའི་གོ་གནས་ཁུར་ཞིང་། ཁོང་པུའུ་རིམ་པའི་ལས་བྱེད་པ་ཡིན། གཙོ་སྐྱོང་ལས་བྱའི་ཁོངས་སུ་མི་རིགས་དང་ཆོས་ལུགས། བོད་ལྗོངས་ལས་དོན་བཅས་འདུས་ཡོད། དེ་སྔ་རྒྱ་ནག་བོད་ལྗོངས་རིག་གཞུང་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་གཅིག་ལྕོགས་བཅས་ཀྱི་གོ་གནས་ཁུར་མྱོང་པ་དང་། ད་ལྟ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས། མི་རིགས་དང་ཆོས་ལུགས་ལྷན་ཁང་གི་འགན་འཛིན་ཡིན། ཕྲག་པའི་འགན་ཁུར་ལྕི་མོ་རེད། གཙོ་སྐྱོང་ལས་ཁང་གི་གཙོ་འཛིན་འགོ་ཁྲིད་རེད། ཁོང་གསར་འགོད་པ་མ་རེད། ༼སྔོན་ཆད་ཁོང་གསར་འགོད་པ་རེད། ཡིན་ཡང་དེ་གཞན་ཞིག་རེད༽“མི་ལ་ལ་ཞིག་གིས་གོ་སྐབས་དེ་བཟུང་ནས་བླ་སྤྲུལ་དུ་བརྫུས་ནས་དཀྱིལ་ཤར་ས་ཁུལ་དུ་སོང་ནས་མགོ་གཡོག་མགོ་སྐོར་གྱི་ལས་དག་སྤེལ་ཡོད་པས། དེ་ཡིས་བོད་བརྒྱུད་ནང་བསྟན་གྱི་སྙན་གྲགས་ལ་མིང་ཤས་བཟོས་པའི་མ་ཚད། བོད་བརྒྱུད་ནང་བསྟན་གྱི་དྲི་མས་མ་བསླད་པའི་བརྗིད་ཉམས་ལ་འདག་དཀའ་བའི་དྲེག་པ་བསྒོས་ཡོད་ལ། དེ་མིན་ད་དུང་སྤྱི་ཚོགས་བརྟན་བརླིང་དང་མི་རིགས་མཐུན་སྒྲིལ་ལའང་ཤུགས་རྐྱེན་ཐེབས་ཡོད”ཟེར།
གནས་སྟངས་དེ་འདྲའི་ཛ་དྲག་ཡིན་ན། ང་ཚོས་རྒྱུ་མཚན་དང་ལྡན་པའི་ངང་བློ་མཐུན་ཀྲུའུ་ཝེ་ཆོན་ལ་དོགས་འདྲི་བྱས་ཆོག་པར་སྙམ།
དང་པོ། གནས་སྟངས་འདི་ཉིན་གཅིག་ཞག་གཅིག་ལ་བྱུང་བ་ཞིག་མིན་པས། ཁྱེད་ནི་དུས་ཡུན་རིང་པོར་གཙོ་སྐྱོང་ལས་ཁང་གི་གཙོ་འཛིན་འགོ་ཁྲིད་དེ་ཡིན་ཕྱིན། ཁྱེད་ཀྱིས་འགན་ཅི་ཞིག་འཁུར་དགོས་སམ། ཁྱེད་ཀྱིས་འགན་མ་ཁུར་བ། ལས་མ་སྒྲུབ་པ། འགན་འཛོལ་བྱུང་བ། ལེ་ཐོགས་བྱུང་བ་ཡིན་ནམ། ཡང་ན “བླ་སྤྲུལ་དུ་བརྫུས་ནས་དཀྱིལ་ཤར་ས་ཁུལ་དུ་སོང་ནས་མགོ་གཡོག་མགོ་སྐོར་གྱི་ལས་དག་སྤེལ”མཁན་ཚོ་དང་ཁྱི་སྤྱང་ངན་འབྲེལ། ངན་པ་ཁྱུ་འདྲེས་བྱས་པ་ཡིན་ནམ། དམར་ཤོག་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། ཏང་གི་འགོ་ཁྲིད་མཐོ་ཤོས་ཤིག་ཡིན་པའི་ཆ་ནས། ཏང་གི་རྩ་འཛུགས་ལ་གནས་ཚུལ་ཡོད་ན་ཡར་ཞུ་བྱ་རྒྱུ་ནི་འོས་འགན་ཡིན། དེ་བཞིན་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལའང་བཤད་སྟངས་ཤིག་ལོས་དགོས།
གཉིས་པ། “མི་ལ་ལ་ཞིག་གིས་གོ་སྐབས་དེ་བཟུང་ནས་བླ་སྤྲུལ་དུ་བརྫུས”ལུགས་ཅིག་ཅིག་མིག་མིག་ཟེར། “མི་ལ་ལ”། མི་ལ་ལ་སུ། ཁྱེད་ཀྱིས་དངོས་སུ་གང་ཟག་ཅིག་སྟོན་གྱིན་ཡོད་དམ། ཡང་ན་མེད་པ་ཡོད་མདོག་བྱེད་ཀྱིན་ཡོད། ཁྱེད་ཀྱི་མིང་ཐོབ་ལྟར་ན། ཁྱེད་ཀྱི་གོ་ས་ལྟར་ན། དབུས་བརྙན་འཕྲིན་ཁང་ལྟ་བུའི་རྒྱལ་ཁབ་རིམ་པའི་སྨྱན་བྱད་ཁང་དུ། འདི་ལྟ་བུའི་གནད་ཆེ་བའི་རྩ་དོན་དང་འབྲེལ་བའི་གནད་དོན་སྟེང་། ངེས་པར་ཁ་གསལ་དོན་གསལ། མངོན་སུམ་གསལ་རྗེན་ཡིན་དགོས། གཅིག་ཡིན་ན་གཅིག་དང་། ནག་པོ་ཡིན་ན་ནག་པོ། དཀར་པོ་ཡིན་ན་དཀར་པོ། སྐད་ཆ་བཤད་ཙམ་སྐུང་ཙམ། ཉ་གེ་ཉོག་གེ་གཏན་ནས་ཡིན་མི་རུང་།
བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་སྒྲོ་བཏགས་སྐུར་འདེབས་བྱས་ནས་ཁ་ཕྱོགས་གཞན་ལ་སྒྱུར་ཐབས་བྱས་འདུག
བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་ཡང་བཤད་རྒྱུར། “དེ་ཚོས་སྒོར་མོ་སྐོར་ཞིག་ཕྱིར་བོད་ཁུལ་དུ་ཁྱེར་རྗེས། དོན་དངོས་སུ་མུ་མཐུད་ནས་ཁྲིམས་ལུགས་དང་འགལ་བའི་བྱ་བ་སྣ་ཚོགས་སྤེལ་གྱིན་ཡོད་པ་མ་ཟད། ད་དུང་སྒོར་མོ་སྐོར་ཞིག་གིས་ཁ་བྲལ་རིང་ལུགས་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད”ཟེར།
སྐད་ཆའི་ཚན་པ་འདི་ཧ་ཅང་གལ་ཆེན་པོ་ཡིན། གསར་འགྱུར་སྨྱན་བྱད་སོ་སོས་ཀྲུའུ་ཝེ་ཆོན་གྱི་སྐད་ཆ་ལུང་འདྲེན་སྐབས། ཡིག་གཟུགས་ནག་པོར་བསྒྱུར་ནས་ནན་བརྗོད་ཀྱི་ཚུལ་དུ་བཀོད་པ་འདི་ལྟར། “དབུས་བརྙན་འཕྲིན་ཁང་གི་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྤྱི་ཚོགས་སུ་ནམ་ཀུན་བྱུང་དང་འབྱུང་གིན་པའི་བླ་མ་དང་ཆོས་རྒྱལ་ལ་བརྫུས་པའི་བླ་རྫུན་གྲྭ་རྫུན་ཚོས་ཁྲིམས་འགལ་ངང་དགེ་ཕྲུག་བསྡུ་བ་དང་། ཆོས་སྤེལ་གྱིན་པའི་སྣང་ཚུལ་ལ་དམིགས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཁང་གི་འགན་འཛིན་ཀྲའུ་ཝེ་ཆོན་ལགས་ཀྱིས་བཅར་འདྲི་སྐབས། སྣང་ཚུལ་དེའི་རིགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་འཚེ་ཆེ་ལུགས་བརྗོད་འདུག”ཅེས་པ་ལྟ་བུ་རེད།
གནད་དོན་དེ་ཧ་ཅང་ཚབས་ཆེན་རེད་ལ། དེའི་ངོ་བོ་ཡང་འགྱུར་སོང་། “ཁ་བྲལ་རིང་ལུགས་ལས་འགུལ་ལ་རྒྱབ་སྐྱོར”། “རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཐེབས”།
དཔེར་ན་མི་ལ་ལ་ཞིག་གིས “བླ་སྤྲུལ”ལ་བརྫུས་ན་འདྲ། ཡང་ན་ཡེ་ཞོ་ཝེན་ཚོས་གནང་བའི “བླ་སྤྲུལ་དཔང་ཡིག”ཟེར་བ་ཡོད་པའི “བླ་སྤྲུལ་ངོ་མ”སུ་ཡིན་ཡང་། བློ་མཐུན་ཀྲུའུ་ཝེ་ཆོན་གྱི་བཤད་པ་ནང་བཞིན། དེ་ཚོས“གཅིག་ནས་རྒྱུ་ལ་རྔམ་ནས་མགོ་སྐོར་གཏོང། གཉིས་ནས་མོ་ལ་དགའ་ནས་མགོ་སྐོར་གཏོང་། ”དེ་ལྟ་ན། སྤྱི་བཏང་བཤད་ན། དེ་དག་ཀུན་སྤྱོད་ཀྱི་རྒྱུ་གཤིས་ཀྱི་གནད་དོན་གྱི་ཁོངས་སུ་གཏོགས་ཤིང་། གལ་ཏེ་གནད་དོན་ཚབས་ཆེན་ཞེ་དྲག་མིན་ན། ཁྲིམས་ལུགས་དང་འགལ་མེད་སྟབས། གཙོ་བོ་ཐུག་ས་དེ་སྐྱོན་བརྗོད་དང་སློབ་གསོ་བྱེད་དགོས་པའི་གནད་དོན་ཡིན། མའོ་ཙེ་ཏུང་སྐུ་འཚོ་དུས་སུ་ཏང་ཡོངས་དང་། རྒྱལ་ཡོངས་མི་དམངས་ལ་བསླབ་བྱ་དྲོད་མོ་ཡང་ཡང་གནང་ནས། ངོ་བོ་ཐ་དད་པའི་འགལ་ཟླའི་རིགས་གཉིས་གསལ་ཁ་འདོན་དགོས་ལུགས་རེ་འདུན་ནན་མོ་བཏོན་ཡོད། རྒྱུ་རྔམ་མོ་དགའི“བླ་སྤྲུལ”རྫུན་མ་དག་གི་བྱ་སྤྱོད་ནི་ཤིན་ཏུ་ནས་སྐྱུག་བྲོ་བ་ཞིག་རེད་ལ་མཇུག་འབྲས་ཀྱང་ཚབས་ཆེ། དེ་འདྲ་ཡིན་མོད་ཀྱང་། ནམ་རྒྱུན་གྱི་གནས་ཚུལ་ལྟར་ན། རྩ་བའི་ཆ་ནས་ད་དུང་ཡང་མི་དམངས་ནང་ཁུལ་གྱི་འགལ་ཟླར་གཏོགས་ཤིང་། ཁྲིགས་ལུགས་དང་སྒྲིག་སྲོལ་ལྟར། སྐྱོན་བརྗོད་དང་སློབ་གསོ། དོ་དམ་ནན་མོ་བྱེད་རྒྱུའི་གནད་དོན་གྱི་རིགས་ཡིན།
འོན་ཀྱང་། གལ་སྲིད་བློ་མཐུན་ཀྲུའུ་ཝེ་ཆོན་གྱི་བཤད་སྲོལ་ལྟར་ན། “དེ་ཚོས་སྒོར་མོ་སྐོར་ཞིག་ཕྱིར་བོད་ཁུལ་དུ་ཁྱེར་རྗེས། དོན་དངོས་སུ་མུ་མཐུད་ནས་ཁྲིམས་ལུགས་དང་འགལ་བའི་བྱ་བ་སྣ་ཚོགས་སྤེལ་གྱིན་ཡོད་པ་མ་ཟད། ད་དུང་སྒོར་མོ་སྐོར་ཞིག་གིས་ཁ་བྲལ་རིང་ལུགས་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད”ཟེར།
གལ་ཏེ་དངོས་ཡོད་གནས་ཚུལ་ངོ་མའི་དེ་འདྲ་ཡིན་ཚེ། “ཁ་བྲལ་རིང་ལུགས་ལས་འགུལ་ལ་རྒྱབ་སྐྱོར”བྱས་ཡོད་ན། རྒྱལ་ཁབ་གྱི་བདེ་འཇགས་ཁྲིམས་ལུགས་དང་འགལ་བ་རེད། “རྒྱལ་ཁབ་གྱི་བདེ་འཇགས་ལ་གནོད་འཚེ་ཐེབས”པ་རེད། དེ་ལྟ་ན་ཁྲིམས་ལུགས་ལ་འགལ་ཡོད་པས། དགྲ་དང་གཉེན་གྱི་འགལ་ཟླར་གཏོགས་ཤིང་། ནག་ཉེས་བསགས་པའི་བྱ་སྤྱོད་རེད། ངེས་པར་དུ་རྡུང་རྡེག་ནན་མོ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་རྡུང་རྡེག་བྱེད་དགོས་ལ། དེའི་རིགས་ལ་སྙིང་རྗེ་རྩ་བ་ཉིད་ནས་སྒོམ་མི་རུང་།
བློ་མཐུན་ཀྲུའུ་ཝེ་ཆོན་གྱི་བཤད་པའི “དེ་ཚོ”དེ། དོན་དམ་པའི་སུ་ཚོ་རེད། ངེས་པར་དུ་གསལ་པོ་ཤོད་དགོས། འདིའི་སྟེང་ཐམ་མེ་ཐོམ་མེ་གཏན་ནས་བྱ་མི་རུང་།
གལ་ཏེ་མི་དང་གནད་དོན་བྱེ་བྲག་བ་ཡོད་ན། ངེས་པར་དུ་ཐེར་འདོན་མཐིལ་ཕྱིན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་རྡུང་རྡེག་བྱེད་དགོས། ཐོག་མར་ཀྲུའུ་ཝེ་ཆོན་ཁྱེད་རང་ལ “ཐེར་འདོན་མཐིལ་ཕྱིན”དང་བློ་བརྟན་འགྱུར་མེད་ངང་རྡུང་རྡེག་བྱེད་རྒྱུའི་འོས་འགན་ཡོད། དེ་ལས་ལྡོག་ན། ཁྱེད་རང་འགན་འཛོལ་ལེ་ཐོགས་ཡིན།
གལ་སྲིད་བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་བསྙད་མེད་བསྙད་བརྐོ་དང་། ཁུངས་མེད་ཧམ་བཤད། སྒྲོ་གཏོགས་སྐུར་འདེབས། མི་དཀར་པོ་ཞྭ་ནག་ལོ་བསྐོན་འདོད་ཡིན་ཚེ། ཁོང་རང་ཉིད་ཀྱིས་ཉེས་མེད་ཉེས་འཛུགས་ཀྱི་ཉེས་པ་དང་སྐུར་འདེབས་ཀྱི་ནག་ཉེས་བསགས་པ་ཡིན་པས། ངེས་པར་དུ་ཁྲིམས་ལུགས་ལྟར་འགན་འཁུར་དགོས།
དེང་གི “བླ་སྤྲུལ”རྫུན་མའི་ཟང་ཟིང་གི་གནས་སྟངས་འདི་ཐག་གིས་གཅོད་དགོས་ན། ངེས་པར་དུ་ལོ་རྒྱུས་ཀྱི་བསླབ་བྱར་གཞིགས་ནས། མའོ་ཙེ་ཏུང་གི་བཀའ་སློབ་ལམ་སྟོན་སྙིང་དབུས་སུ་བཅངས་ནས། ངོ་བོ་ཐ་དད་པའི་འགལ་ཟླ་རིགས་གཉིས་དབྱེ་འབྱིན་གསལ་པོ་ནན་མོ་བྱེད་དགོས། དོ་དམ་ནན་མོ་དང་། ལམ་སྟོན་འཁྲུལ་མེད་བྱེད་དགོས་པ་མ་ཟད། ད་དུང་རྒྱ་སྐྱེད་ཅན་མི་བཟོ་བ་དང་། ཐལ་དྲགས་པའི་སྣེ་གཅིག་ནས་ཐལ་དྲགས་པའི་སྣེ་གཞན་ལ་མི་འགྲོ་བ་བྱེད་དགོས།
ད་ལྟའི་གནས་སྟངས་འདིའི་འོག་ཏུ་གནད་དོན་ཞིག་བྱུང་ཡོད་ལ། དེར་ཀུན་པོས་ངེས་པར་དུ་གཙུགས་འཛིན་དོ་ཁུར་བྱེད་དགོས། བུའོ་ཏ་རོང་དང་ཀྲང་ཐེ་ལེན་ལ་སོགས་རིགས་ཀྱི“བླ་སྤྲུལ”རྫུན་མའི་ནོར་འཁྲུལ་ཆེ་བའི་བྱ་བ་སྤྱོད་པར། རྒྱ་ཆེ་བའི་དད་ལྡན་མང་ཚོགས་ལ་ཡོད་ཆོག་ཆོག་གི་ཁོང་ཁྲོ་དྲག་པོ་དང་སྐྱོན་བརྗོད་ནན་མོ་བསླངས་པ་དེ་བསམ་ཤེས་བྱེད་ཐུབ་པ་དང་འོས་པ་ཞིག་ཡིན་ལ། དེ་ནི་ཡང་དག་པའི་རྣམ་འགྱུར་ཞིག་ཀྱང་ཡིན། འོན་ཀྱང་། སྐྱོན་བརྗོད་དེའི་རིགས་ཀྱང་རྒྱ་སྐྱེད་ཅན་དང་བལྟོས་མེད་ཅན་དུ་འགྱུར་མི་རུང་ལ། བློ་ཁ་ཅན་དུ་དེ་བས་ཀྱང་འགྱུར་མི་རུང་། བློ་མཐུན་ཀྲུའུ་ཝེ་ཆོན་གྱི་བཤད་པའི “བཅོས་བསྒྱུར་སྒོ་འབྱེད་ནས་བཟུང་། བོད་ཁུལ་དང་ནང་ལོགས་བར་འབྲེལ་འདྲིས་ཇེ་མང་ནས་ཇེ་མང་དུ་སོང་ཡོད”ཞེས་པ་ནང་བཞིན། བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་མཁན་དང་དགའ་མོས་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་མུས་སུ་ཡོད་ལ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དགའ་མཁན་དང་དད་མཁན་ཡང་དབྱར་མཚོ་བཞིན་ཇེ་རྒྱས་རེད། བོད་ལྗོངས་དང་བོད་ཁུལ་གཞན་དག་གི་སྐྱེ་ཁམས་ཁོར་ཡུག་ལ་དོ་སྣང་དང་སྲུང་སྐྱོབ་བྱེད་མཁན་ཡང་ཉིན་རེ་བཞིན་ཇེ་མང་རེད་ལ། མདོ་དབུས་མཐོ་སྒང་ཞེས་པའི་འཛམ་བུ་གླིང་དུ་ཆེས་མཐའ་མའི་ཆེས་དག་ཅིང་གཙང་བའི་གནས་མཆོག་དེ་ལ་དུངས་མཁན་ཡང་ཇེ་མང་ནས་ཇེ་མང་རེད། “ལྕགས་རི་རིང་པོར་མ་ཐོན་ན་དཔའ་བོ་མིན། གངས་ཅན་ལྗོངས་སུ་མ་སླེབས་ན་འགྱོད་པ་སྐྱེ”ཞེས་པ་དེང་སང་དར་སྲོལ་ཞིག་ཏུ་གྱུར་ཡོད། ཡངས་ཤིང་རྒྱ་ཆེ་ལ། མཛེས་ཤིང་ལྟ་ན་སྡུག་པའི་མདོ་དབུས་མཐོ་སྒང་ནི་མི་མང་པོའི་ཡིད་སྨོན་ཤོར་སའི་ཡུལ་ཡིན། མཐོ་སྒང་གངས་ཅན་ལྗོངས་ཀྱིས་དེ་ཡི་ཡངས་བའི་བློ་རྒྱ་ཆེ་ཆེར་ཕྱེས་ནས། གཞུང་དྲང་བབ་ཆགས་གཤིས་འཇམ་སེམས་བཟང་གི་བོད་རིགས་མི་དམངས་ཀྱིས་རིགས་སོ་སོའི་མི་རིགས་སྤུན་ཟླ་ཚོ་དུས་དང་རྣམ་པ་ཀུན་ཏུ་དགའ་བའི་འཛུམ་དང་སྙན་པོ་ངག་གིས་བསུས་དང་བསུ་བཞིན་ཡོད། འདིའི་རིགས་ནི་ཤིན་ཏུ་ནས་དགའ་འོས་པའི་གནས་རེད། རིགས་སོ་སོའི་མི་རིགས་ཕར་འགྲོ་ཚུར་འོང་། སྣོལ་རྒྱུག་བརྗེ་རེས། མཉམ་གནས་མཉམ་འཚོ་བརྒྱུད། བོད་རྒྱ་མི་རིགས་ཀྱི་གཏིང་རིང་པའི་སྲོལ་རྒྱུན་འབྲེལ་ལམ་ལ་སྐུལ་འདེད་དང་། དེ་བཞིན་དུ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་གོང་བུར་འགྲིལ་བའི་ཤུགས་དང་། ལྟེ་བར་ཕྱོགས་པའི་ཤུགས། མཉམ་པར་འདྲེ་བའི་ཤུགས་སོགས་ཇེ་ཆེ་ཇེ་ལེགས་སུ་གཏོང་ནུས་པ་མ་ཟད། གོམ་གང་མདུན་སྤོས་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་ནུས། འདི་ནི་རྒྱ་ཆེ་ས་དང་གལ་ཆེ་ས་ཡིན་པས། མི་ཉུང་ཉུང་ཞིག་གིས “བླ་སྤྲུལ”ལ་བརྫུས་ནས་རྒྱུ་དངོས་འདོད་སྲེད་ཆེད་མགོ་གཡོག་མགོ་སྐོར་གྱི་ལས་ངན་སྤྱོད་ངན་བྱས་པ་ཙམ་གྱིས་རྒྱ་ཆེ་སའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཏོར་བརླག་ཐེབས་མི་རུང་ལ། བོད་བརྒྱུད་ནང་བསྟན་ཐེ་བའི་བོད་ཀྱི་རིག་གཞུང་ནང་ལོགས་སུ་དར་སྤེལ་དང་། བོད་རྒྱ་སྤུན་ཟླ་མི་རིགས་བར་གྱི་མཛའ་བརྩེའི་སྲོལ་རྒྱུན་དང་དམ་ཟབ་མཐུན་སྒྲིལ་ལ་གནོན་སྐྱོན་ཕོག་དེ་བས་ཀྱང་མི་རུང་བ་མ་ཟད། དེའི་རྐྱེན་གྱིས་བོད་རིགས་དད་ལྡན་པ་དང་རྒྱ་རིགས་དད་ལྡན་པའི་བར་དགྲ་འཛིན་དང་། འགལ་ཟླ། བར་ཐག་ཅིག་བྱུང་ག་ལ་རུང་།
ཞེ་ངན་ཁོག་ལ་བཅངས་པའི་བློ་མཐུན་ཀྲུའུ་ཝེ་ཆོན།
མའོ་ཙེ་ཏུང་སྐུ་འཚོ་བཞུགས་སྐབས། བྱེ་བྲག་པའི་གནད་དོན་བྱེ་བྲག་པར་དབྱེ་ཞིབ་བྱེད་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་རྣམ་ཤེས་ལྟ་བུ་ཡིན་ཞེས་ལམ་སྟོན་གནང་ཡོད།
དབུས་བརྙན་འཕྲིན་ཁང་གིས་བློ་མཐུན་ཀྲུའུ་ཝེ་ཆོན་ལ་བཅར་འདྲི་སྐབས། ཚིག་མགོ་རྩོམ་ས་ནི་ཀྲང་ཐེ་ལེན་གྱི “ཁྲི་འདོན”ཟེར་བ་དེ “བླ་སྤྲུལ”རྫུན་མའི་དོན་རྐྱེན་ཞིག་ཏུ་གྱུར་བའི་གནས་ཚུལ་དེ་རེད། དེ་ལ་གསར་དུ་བྱུང་བའི “གསར་འགྱུར་གྱི་བརྗོད་བྱ”ཡོད་ལ། བྱེ་བྲག་པའི་དངོས་ཡོད་གནས་ཚུལ་ཡང་ཡིན། དེ་ལ་ཚིག་སྦྱོར་སྤྱོད་ཡུལ་ངེས་ཅན་ཞིག་ཡོད་ལ། གསལ་ཞིང་མངོན་པའི་བསྟན་བྱའང་ཡོད། དེ་ནི “ཆོས་རྒྱལ”རྫུན་མ་བའོ་ཏ་རོང་དང “བླ་སྤྲུལ”རྫུན་མ་ཀྲང་ཐེ་ལེན་གཉིས་ཡིན། ཡིན་ན་ཡང་། བློ་མཐུན་ཀྲུའུ་ཝེ་ཆོན་གྱི་གཏམ་བཤད་ཧྲིལ་བོར་བུའོ་ཏ་རོང་དང་ཀྲང་ཐེ་ལེན་གྱི་གནད་དོན་སྐོར་ཚིག་གཅིག་ཀྱང་མི་གླེང་པར། སྐད་ཆའི་གླེང་ཕྱོགས་བསྒྱུར་ནས་བོད་རིགས་ས་ཁུལ་དུ་འཁོར། བོད་རིགས་བླ་སྤྲུལ་གྱི་སྟེང་དུ་འཁོར། “དེ་ཚོ་བོད་ཁུལ་དུ་སླེབས་མ་ཐག”ཅིག་ཅིག་མིག་མིག་ཟེར་ནས། སྐྱོན་བརྗོད་ཀྱི་མདུང་རྩེ་བོད་ཁུལ་ལ་ཕྱོགས། བོད་ཀྱི་བླ་མ་སྤྲུལ་སྐུར་ཕྱོགས། བོད་རིགས་སྤུན་ཟླར་ཕྱོགས། མདའ་གཅིག་གིས་ཤ་བོ་གསུམ་མཉམ་གསོད་བྱས་བ་སྟེ། བོད་རིགས་སྤུན་ཟླ་ལ་བསྙད་མེད་བསྙད་བརྐོ། སྒྲོ་བཏགས་སྐུར་འདེབས། ལེབ་རྡུང་འཕྲེད་རྒྱག་བཅས་བྱས་པའི་མ་ཚད། བུའོ་ཏ་རོང་དང་ཀྲང་ཐེ་ལེན་སོགས་“ཆོས་རྒྱལ”རྫུན་མ་དང“བླ་སྤྲུལ”རྫུན་མའི་རིགས་ངན་པ་རྒྱ་ཡན་དང་འགེབས་སྲུང་བྱས་ཡོད། དེ་དང་དུས་མཉམ་དུ་རང་གི་འགན་འཛོལ་ཁུར་ཤོར་གྱི་སྐྱོན་ཆ་ཡོད་ཚད་གཞན་མགོར་དཀྲིས་ནས། རང་ཉིད་དང “ཆོས་རྒྱལ”རྫུན་མ་དང“བླ་སྤྲུལ”རྫུན་མ་དེ་དག་བར་གྱི་ག་ཡིན་འདི་ཡིན་དབྱེ་དཀའ་བའི་འབྲེལ་བ་ཡོངས་རྫོགས་སྦས་ཤིང་སྐུང་ཡོད། “ཁ་བྲལ་རིང་ལུགས་ལ་རྒྱབ་སྐྱོར”། “རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་འཚེ་བཟོས་པ”སོགས་གལ་གནད་ཆེ་བའི་གནད་དོན་ལ་ཐུག་དུས། རྒྱུ་གཡོ་ལེན་དང་འདོད་བསླུས་ལེན་སོགས་ནི“ཡིན་ཆུང་མིན་ཆུང”གི་དོན་ཆུང་ཙག་ཙིག་ཡིན་པས་ཁ་ཡ་མ་བྱས་ན་ཆོག་ལ། བདའ་འདེད་ཞིབ་བཤེར་ཡང་མ་བྱས་ན་ཆོག བུའོ་ཏ་རོང་དང་ཀྲང་ཐེ་ལེན་སོགས་འདི་ལྟ་བུའི“ཆབ་སྲིད་ཀྱི་ལངས་ཕྱོགས་ཡང་དག་པའི”“ཆོས་རྒྱལ”རྫུན་མ་དང“བླ་སྤྲུལ”རྫུན་མའི་ཁྲིམས་འགལ་གྱི་ལས་འགུལ་རིགས་འགེབས་སྲུང་གཡོལ་ཐབས་བྱས་ཆོག་གི་ཡོད།
བོད་ལྗོངས་དང་བོད་ཁུལ་གཞན་དག་ཏུ། དོན་དག་རིགས་གང་ཞིག་བྱུང་མ་ཐག ཡེ་ཞོ་ཝེན་དང་ཀྲུའུ་ཝེ་ཆོན་གྱིས་ལམ་སང“ཁ་བྲལ་རིང་ལུགས”ཡིན་ཚུལ་ཁག་དཀྲིས་ནས“བདེན་པའི་དོན་དང་དྲང་མོ་ཚིག”གིས་སྐྱོན་བརྗོད་བྱས་པར་བསྟེན“ཁ་བྲལ་ལ་ངོ་རྒོལ”གྱི་བརྗིད་ཉམས་ཆེ་བའི་དཔའ་བོ་རུ་གྱུར་ཡོད། ཁོང་ཚོའི་བྱ་བ་སྤྱོད་པ་དེར་ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གིས་སྔ་མོ་ནས་མ་མོས་པར“ཁ་བྲལ་ལ་ངོ་རྒོལ་ཟེར་བ་ནི་ཁུག་མ་ཞིག་ཡིན། གནད་དོན་ཅི་ཞིག་ཡིན་ཡང་དེའི་ནང་བཅུག་ཆོག་ཆོག་ཡིན”ཞེས་སྐྱོན་བརྗོད་བྱས་འདུག བོའུ་ཏ་རོང་དང་ཀྲང་ཐེ་ལེན་གྱིས་འཁྲབ་པའི“ཁྲི་འདོན”ཟེར་བའི་དགོད་བྲོ་བའི་བྱ་སྤྱོད་དེར་རྒྱ་ཆེ་བའི་མང་ཚོགས་ཀྱིས་ཁོང་ཁྲོའི་རྣམ་འགྱུར་དྲག་པོ་བསྟན་ཞིང་། སྐྱོན་བརྗོད་དང་ཁ་རྡུང་ཡང་དྲག་པོ་བཏོན་ནས། དེ་ཚོ་ནི་ཆོས་རྒྱལ་རྫུན་མ། བླ་སྤྲུལ་རྫུན་མ་རེད། དེ་ཚོས་བོད་བརྒྱུད་ནང་བསྟན་གྱི་དྲི་མས་མ་ནོགས་པའི་གཟི་བརྗིད་ལ་ཁྱད་གསོད་དང་། བོད་རིགས་མི་དམངས་ཀྱི་ཆོས་ལུགས་དུངས་སེམས་དང་མི་རིགས་ལ་རྒྱ་ལ་བརྙས་བཅོས་གནོད་འཚེ་བཟོས་སོང་ཞེས་སྐྱོན་བརྗོད་དྲག་པོ་བྱས། འོན་ཀྱང་། མི་སུ་གཅིག་གིས་ཀྱང་ཁོང་ཚོས“ཁ་བྲལ་ལས་འགུལ”དང“རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཟོས་པ”ཞེས་སྐྱོན་འཛུགས་བྱས་མེད། བུའོ་ཏ་རོང་དང་ཀྲང་ཐེ་ལེན་སོགས་ཀྱིས་ཀྱང་གཅིག་མིན་གཉིས་མིན་གྱིས“ཆབ་སྲིད་ལངས་ཕྱོགས་ཡང་དག་ཡིན”ལུགས་གསལ་ཁ་བཏོན་འདུག རྒྱལ་ཁབ་དབུ་བརྙེས་ནས་ལོ ༦༦ འཁོར་བའི་དགའ་འོས་རྟེན་འབྲེལ་བྱེད་འོས་པའི་ཉིན་མོར“ཁྲི་འདོན”མཛད་སྒོ་སྤེལ་ནས། ཁོང་ཚོ་ནི“རྒྱལ་ཁབ་ལ་གཅེས་མཁན་དང་ཧོང་ཀོང་ལ་གཅེས་མཁན”གྱི་དཔུང་སྡེའི་ཡིན་པ་མཚོན་ཡོད། ཀྲུའུ་ཝེ་ཆོན་གཅིག་པུ་ནི“མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བ”། ཀུན་མཁྱེན་མཐིལ་རྟོགས། དུག་མིག་ཐུན་མོང་མ་ཡིན་པར “དེ་ཚོས”“ཁ་བྲལ་ལས་འགུལ”དང“རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་བཟོ”བཞིན་པའི་དོན་དངོས་ངོ་བོ་མཐོང་ཡོད་པ་འདྲ། བློ་ཕམ་པ་ཞིག་ལ། སྐད་ཆ་བཤད་ནས་མཚམས་འདིར་སླེབས་དུས། ཀྲུའུ་ཝེ་ཆོན་གྱིས་མུ་མཐུད་ནས་བུའོ་ཏ་རོང་དང་ཀྲང་ཐེ་ལེན་གྱི་གནད་དོན་ཐད་རྩད་ཞིབ་ཕུ་འདེད་བྱེད་རྒྱུ་ལས་ལྡོག་ཏེ། སྨྱུག་ཁ་བསྒྱུར་ནས་མདུང་རྩེ་བོད་ལྗོངས་ལ་ཕྱོགས་ཤིང་། བོད་མི་དམངས་ལ་ཕྱོགས་ཤིང་། བོད་ཁུལ་གྱི་བླ་མ་སྤྲུལ་སྐུར་ཕྱོགས་ནས། “ཁ་བྲལ་བར་ངོ་རྒོལ”ཟེར་བའི་དར་ཆའི་འོག་བུའོ་ཏ་རོང་དང་ཀྲང་ཐེ་ལེན་གཉིས་འགན་འཁྲི་ལས་གཡོལ་ཐབས་བྱས།
ལྷག་བསམ་གྱི་ཕྱུག་པའི་མི་དམངས་རྣམ་པ་ཚོ། གཟབ་གཟབ་གནང་རོགས་ཀྱིས་དང་། ཀྲུའུ་ཝེ་ཆོན་གྱིས་ཁྱེད་རང་ཚོ་ཚང་མ“ཁ་བྲལ་ལ་ངོ་རྒོལ”གྱི་ཁུག་མའི་ནང་འཇུག་སྲིད་པས་གཟབ་གཟབ་གནང་རོགས།
བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་སུ་ལ“འབོད་སྐུལ”དང་། ཡང“འབོད་སྐུལ”ཅི་ཞིག་ཞུ་བཞིན་ཡོད་དམ།
དབུས་བརྙན་འཕྲིན་ཁང་གི་གནས་ཚུལ་ལ་གཞིགས་ན། “ཀྲུའ་ཝེ་ཆོན་གྱིས་ དཀྱིལ་ཤར་ས་ཁུལ་དང་བོད་ཁུལ་གྱི་སྲིད་གཞུང་རྣམས་མཉམ་ལས་དང་། ལས་འགུལ་མཉམ་དུ་སྤེལ་ནས། བླ་སྤྲུལ་རྫུན་མའི་སྣང་ཚུལ་ཚར་གཅོད་བྱ་རྒྱུར་འབོད་སྐུལ”ཞུས་འདུག ངས་རང་དབང་མེད་པར་འདྲི་དགོས་པ་ཞིག་ནི། ཀྲུའུ་ཝེ་ཆོན་གྱི་སུ་ལ་འབོད་སྐུལ་ཞུས་པ་ཡིན་ནམ། སུ་ཡིས་ལན་འདེབས་དགོས་སམ། སུ་ཡིས་ལག་ལེན་དུ་བསྟར་དགོས་སམ། རྒྱ་གྲམ་དམར་པོའི་ཚོགས་པ་ཡིན་ནམ། སྲང་ལམ་ལས་དོན་ཁང་ཡིན་ནམ། ཡང་ན་གྲོང་ཁྱེར་དོ་དོམ་ལས་ཁང་རིགས་ཡིན། དེ་ཚོས་དོ་དམ་བྱེད་ནུས་སམ། དོ་དམ་བྱེད་ཐུབ་བམ། ཁྱེད་ཀྱིས“དཀྱིལ་ཤར་ས་ཁུལ་དང་བོད་ཁུལ”གྱི་ཏང་གི་སྒྲིག་འཛུགས་དང་སྲིད་གཞུང་ལ་འབོད་སྐུལ་ཞུ་བ་ཡིན་ནམ། རང་རེ་མེས་རྒྱལ་གྱི་མངའ་ཁོངས་ཡངས་ཞིང་མཐའ་ཀླས་པས། འཛམ་གླེང་སྟེང་མངའ་ཁུལ་ཆེས་ཆེ་བའི་རྒྱལ་ཁབ་ཀྱི་གྲས་ཡིན། “དཀྱིལ་ཤར་ས་ཁུལ་དང་བོད་ཁུལ”གྱིས་རྒྱ་ནག་མངའ་ཁོངས་ཀྱི་ཕྱེད་ཀ་ཟིན་ཡོད་པས། དེ་འདྲའི་རྒྱ་ཆེ་བའི་ས་ཁུལ་གྱི་སྲིད་གཞུང་དག་གིས་ཇི་ལྟར་བྱས་ནས་དོ་དམ་བྱེད་དགོས་སམ། དེ་ཙམ་གྱིས་མ་ཚད། ངས་ཤེས་པ་ལྟར་ན། “དཀྱིལ་ཤར་ས་ཁུལ་དང་བོད་ཁུལ”ལས་གཞན། ཤར་བྱང་ས་ཁུལ་དང་། ནང་སོག ཡུ་གུར་སོགས་སུའང་བོད་བརྒྱུད་ནང་བསྟན་གྱི་དགོན་པ་མང་པོ་ཡོད་པ་དང་། དགོན་སྡེ་དེ་དག་དུ་བོད་ཀྱི་བླ་སྤྲུལ་མང་པོས་ཆོས་ལུགས་ཀྱི་ལས་དག་སྤེལ་མུས་སུ་ཡིན། དེ་མིན་རྒྱལ་ས་པེ་ཅིང་ནའང་བླ་མ་སྤྲུལ་སྐུ་མང་ཐག་ཆོད་ཅིག་ཡོད། དྲྭ་ཚུགས་སུ། པེ་ཅིང་ཁྲོ་ཡང་ས་ཁུལ་གཅིག་པུ་རུ་བླ་སྤྲུལ “འབུམ་གསུམ”ཡོད་ཟེར། རང་ཉིད་པེ་ཅིང་ཁྲོ་ཡང་ས་ཁུལ་དུ་འཚོ་གནས་བྱས་ཡོད་པས། འབུམ་གསུམ་ཡོད་མི་སྲིད། ཡིན་ན་ཡང་། བླ་སྤྲུལ་མང་པོ་ཡོད་པ་བདེན་པ་རེད། ཀྲུའུ་ཝེ་ཆོན་གྱི“འབོད་སྐུལ”ལྟར་ན། རྒྱལ་ཡོངས་ཁུལ་སོ་སོས“མཉམ་ལས་དང་། ལས་འགུལ་མཉམ་དུ་སྤེལ་ནས། བླ་སྤྲུལ་རྫུན་མའི་སྣང་ཚུལ་ཚར་གཅོད་བྱ”དགོས་པ་མ་རེད་དམ། དེ་འདྲ་ཡིན་ན་རྒྱལ་ཁབ་ཡོངས་སུ“བླ་སྤྲུལ”རྫུན་མར་རྡུང་རྡེག་གི་མི་དམངས་ལས་འགུལ་ཞིག་སྤེལ་འཆར་ཡིན་ནམ། “རིག་གནས་གསར་བརྗེ་ཆེན་པོ”ཞིག་ཡང་བསྐྱར་སྤེལ་འཆར་ཡོད། དེ་འདྲའི་དགོས་དབང་མཐོང་སོང་ངམ། དེ་ལྟར་སྤེལ་ན་སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་བརླིང་ལ་གཏོར་བརླག་ཐེབས་མི་སྲིད་དམ། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་དུ་བསྟར་རྒྱུའི་ལས་དོན་ལ་འགལ་རྐྱེན་ཐེབས་མི་སྲིད་དམ། “བླ་སྤྲུལ”རྫུན་མའི་སྣང་ཚུལ་དེ་ཁྱེད་ཚོས་བཟོས་པ་རེད། “དཀྱིལ་ཤར་ས་ཁུལ་དང་བོད་ཁུལ”། དེ་བཞིན་ས་ཁུལ་གཞན་དག་ནི་གནོད་འཚེ་ཕོག་ཡུལ་ཡིན། ཟང་ཟིང་ལ་བདག་སྐྱོང་དོ་དམ་བྱེད་དགོས་ན། ཐོག་མར་མགོ་ཁུངས་ནས་མགོ་རྩོམ་དགོས། ཁྱེད་ཀྱིས་དུས་ཡུན་རིང་པོར་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པའི་གོ་གནས་ཁུར་བ་དང་། གཙོ་སྐྱོང་བྱ་ཡུལ་ནི་བོད་ལྗོངས་ལས་དོན་དང་མི་རིགས་ལས་དོན་བཅས་ཡིན། ད་ལྟ་ཁྱེད་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་དང་། མི་རིགས་དང་ཆོས་ལུགས་ལྷན་ཁང་གི་འགན་འཛིན་ཡིན། སྲིད་གྲོས་ལ་སྲིད་དོན་ནང་ཞུགས་རྒྱུ་དང་སྲིད་དོན་ཐད་བགྲོ་གླེང་བྱེད་རྒྱུའི་འགན་འཁྲི་དང་ཐོབ་ཐང་ཡོད། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁང་ལ་བསམ་འཆར་དང་ཐབས་ཇུས་འདོན་རྒྱུ་ནི་འོས་འགན་དང་འགན་ཁུར་ཡིན། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། ཁྱེད་ནི་དབུས་རྒྱ་ནག་གུང་ཁྲན་ཏང་གི་འཐུས་མི་ཡང་ཡིན་པས། དབུས་གཞུང་ལ་གནས་ཚུལ་ཡར་ཞུ་བྱེད་རྒྱུ་དང་སྔ་ས་ནས་བདག་སྐྱོང་བྱེད་རྒྱུའི་འོས་འགན་ཡོད། ལོ་འདི་ཤས་སུ་ཁྱེད་ཀྱིས་ཅི་ཞིག་བྱས་པ་ཡིན་ནམ། ཁྱེད་རང་ཚོ་དབང་ཆ་ཆེ་ཞིང་འཚོ་བ་སྐྱིད་པ། གོ་གནས་མཐོ་ཞིང་གླ་ཕོགས་མཐོ་བ། ད་དུང་གཞི་རྒྱ་ཆེ་བའི་ཐོན་ཁུངས་མང་དག་ཅིག་ལ་བཏང་འཛིན་བྱས་ཡོད་པ་དང་། བགྲང་བྱ་ལས་འདས་པའི“བདེ་འཇགས་སྲུང་སྐྱོབ་འགྲོ་གྲོན”དང“བོད་སྐྱོང་འགྲོ་གྲོན”ལ་བཏང་འཛིན་བྱས་ཡོད་པས། “ཐབས་ཤེས་མ་འཐེན་པར། བླ་སྤྲུལ་རྫུན་མའི་སྣང་ཚུལ་ཚར་གཅོད”བྱས་མེད་ཚེ། རྩ་བའི་ཆ་ནས་དེ་ནི་འགན་འཛོལ་ཁུར་ཤོར་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱིས་ཁྱེད་ཀྱི་འགན་འཛོལ་ཉེས་པ་བདའ་འདེད་བྱེད་འོས། རིགས་སོ་སོའི་མི་རིགས་སྤུན་ཟླ་དང་། ལྷག་པར་དུ་བོད་རིགས་སྤུན་ཟླ་ཚོས། རིགས་སོ་སོའི་དཔྱ་ཁྲལ་འཇལ་མཁན་ཚོས་སེན་མགོ་ཁྲག་དང་སེན་རྩ་རྣག་བྱས་ནས་ཁྱེད་རང་ཚོ་གསོས་པ་རེད། ཁྱེད་རང་ཚོས་ཅི་ཞིག་བྱས་པ་ཡིན་ནམ། ཞེས་ཁྱེད་ལ་འགན་འཁྲི་ཚ་འདྲི་བྱ་རྒྱུའི་ཐོབ་ཐང་ཡོད། ཁྱེད་ཀྱིས“དཀྱིལ་ཤར་ས་ཁུལ་དང་བོད་ཁུལ་ལ་འབོད་སྐུལ”ཞུ་ཁལ་བྱས་འདུག དོན་དངོས་སུ་རྒྱ་ཡན་དུ་ཤོར་བའི“བླ་སྤྲུལ”རྫུན་མའི་རྫབ་བེ་རྫིབ་བེའི་སྣང་ཚུལ་དེའི་འགན་འཁྲི“དཀྱིལ་ཤར་ས་ཁུལ་དང་བོད་ཁུལ”གྱི་རིམ་པ་སོ་སོའི་འགོ་ཁྲིད་རྣམ་དང་། རྒྱ་ཆེ་བའི་མང་ཚོགས་ཀྱི་མགོར་དཀྲིས་ནས། རང་ཉིད་འགན་འཛོལ་ཁུར་ཤོར་གྱི་སྐྱོན་ཆ་ལས་ཐར་ཐབས་བྱས་ཡོད་པ་རེད།
བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་གློ་བུར་དུ་ཁེངས་སྐྱུང་ཅན་ཀྱི་ངང་ཚུལ་བཟུང་བ།
དབུས་བརྙན་འཕྲིན་ཁང་གི་གནས་ཚུལ་ལ་གཞིགས་ན། བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་གསར་འགོད་པར། “ངས་ཤེས་ཚོར་ལྟར་ན། འབྲེལ་ཡོད་སྡེ་ཚན་གྱིས་བོད་ལྗོངས་དང་བོད་ཁུལ་གཞན་དག་ཏུ་སྐུ་ཕྲེང་ལོ་རྒྱུས་ཅན་གྱི་བླ་སྤྲུལ་ངོ་མ་ཚོར་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་གཅིག་གྱུར་གྱི་རེའུ་མིག་བཟོ་རྒྱུ་རེད”ཞེས་བཤད་འདུག གོང་ཞུས་གནས་ཚུལ་ནང་ཀྲུའུ་ཝེ་ཆོན་ལ་གོ་ས་མང་པོ་ཡོད་པ་དང་། མིང་ཐོབ་ཀྱང་མང་པོ་ཡོད་ཚུལ་བཀོད་ཡོད། ད་དུང་ཁར་གནོན་རྒྱག་དགོས་པ་ཞིག་ནི། ཀྲུའུ་ཝེ་ཆོན་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགྲིན་ཚབ་པ་ཡང་ཡིན། ཁོང་གི་སྨྲ་བརྗོད་དག་ནམ་རྒྱུན་རྒྱལ་ཁབ་དང་གཞུང་། གཙོ་སྐྱོང་སྡེ་ཁག་གི་འཐུས་ཚབ་ཡིན། བློ་མཐུན་ཀྲུའུ་ཝེ་ཆོན་གྱིས་ནམ་རྒྱུན་སྐད་ཆ་བཤད་དུས་ཧ་ཅང་གི་འགན་རང་ཁུར་དང་། ཁ་ཕོ་ཆེན་པོ། ཧམ་ཤེད་ཚ་བས་ཐག་བཅད་ནས་བཤད་རྒྱུར་དགའ། བོད་ཀྱི་གནད་དོན་ཐད་ཁོང་གིས་བདེན་པ་ཡོད་ཚད་ཟིན་ཡོད་པ་དང་ཀུན་ནས་འདྲ་ཞིང་། དོགས་སློང་སོགས་ཡོང་ས་ཡེ་ནས་མེད། ཁོང་གི་སྐད་ཆ་ནི“ཏང་དང་རྒྱལ་ཁབ”ཀྱི་སྲིད་ཇུས་ལམ་ལུགས་ཡིན། སྨྱན་བྱད་དང་མང་ཚོགས་དཀྱུས་མ་ཚོས་ཀྱང་དེ་ལྟར་འདོད་ཀྱིན་ཡོད། དེ་འདྲ་ཡིན་མོད་ཀྱང་། ད་ཐེངས་ཀྱི་གཏམ་བཤད་སྐབས། ཀྲུའུ་ཝེ་ཆོན་གློ་བུར་དུ“ཁེངས་སྐྱུང”ཅན་ཞིག་ཏུ་གྱུར་ནས། རྦད་དེ“འབྲེལ་བ་སྤུ་ཙམ་ཡང་མེད་པའི་མི”ཞིག་དང་འདྲ། ཐོག་མར་ཁོང་གིས། “ངས་ཤེས་ཚོར་ལྟར་ན”ཞེས་བཤད་ནས། ལམ་སང་རང་ཉིད་ཕྱོགས་གཞན་དུ་བཀར། གོ་ཐོས་ཙམ་ལས་དོན་དག་དེའི་ནང་ཞུགས་མེད་ལ་འབྲེལ་བའང་མེད། དེ་ནས“འབྲེལ་ཡོད་སྡེ་ཚན་གྱིས་བོད་ལྗོངས་དང་བོད་ཁུལ་གཞན་དག་ཏུ་སྐུ་ཕྲེང་ལོ་རྒྱུས་ཅན་གྱི་བླ་སྤྲུལ་ངོ་མ་ཚོར་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་གཅིག་གྱུར་གྱི་རེའུ་མིག་བཟོ་རྒྱུ་རེད”ཟེར། སྐད་ཆའི་ཚན་པ་འདི་དོན་གྱིས་འདོ་མེད་ཆོ་མེད་ཡིན།“འབྲེལ་ཡོད་སྡེ་ཚན”ཟེར་བ་དེ་སུ་རེད་དམ། ཁྱེད་ཀྱིས་ལོ་མང་རིང་གོ་གནས་ཁུར་མྱོང་བའི་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལྷན་ཁང་། རྒྱ་ནག་བོད་ལྗོངས་རིག་གཞུང་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་སོགས་ནི“འབྲེལ་ཡོད་སྡེ་ཚན”ཡིན་ནམ། དེ་ནི་གཞི་རྩའི་ཆ་ནས་ཁྱེད་རང་ཚོའི་འགན་ཁོངས་ཀྱི་གནད་དོན་རང་རེད།
རྒྱ་ནག་གསར་བ་དབུ་བརྙེས་ནས ལོ ༦༦ ཕྱིན། བོད་ཁུལ་གྱི་དམངས་གཙོ་བཅོས་བསྒྱུར་དང་ཆོས་ལུགས་བཅོས་བསྒྱུར། དུས་དེ་རིང་ལོ ༥༠ ལྷག་ཕྱིན་ནས་ཕལ་ཆེར ༦༠ རེད། དུས་རབས་ཕྱེད་ཀ་ལས་བརྒལ་ཡོད་ལ། དེ་མིན་བཅོས་བསྒྱུར་སྒོ་འབྱེད་ནས་དེ་རིང་བར་ཡང་ལོ ༣༠ ལྷག་ཕྱིན་འདུག ནམ་རྒྱུན་ཁྱེད་ཀྱིས་འུད་བརྗོད་ཟོལ་བསྒྲགས་བྱེད་རྒྱུར་དགའ་བ་ཞིག་ནི། འཛམ་གླིང་སྟེང་བོད་རིག་པ་ཞིབ་འཇུག་གི་དཔུང་སྡེ་ཆེ་ཤོས་དེ་ང་ཚོའི་ལག་ཏུ་ཡོད། འཛམ་གླིང་སྟེང་བོད་འབྲེལ་དྲྭ་ཚུགས་ཆེ་ཤོས་དེ་ང་ཚོའི་ལག་ན་ཡོད། ང་ཚོ་ལ་ཧ་ཅང་ནན་མོ་དམ་པོའི་རྩ་འཛུགས་སྒྲིག་གཞི་ཡོད། ང་ཚོ་ལ་ཚན་རིག་ཞིབ་འཇུག་གི་འགྲོ་དངུལ་འདང་ངེས་ཤིག་འཛོམས་ཡོད། དེ་མིན་བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་སྒོར་དངུལ་ཡང་ཡོད། ལ་སོགས་དང་། ད་དུང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་རབས་སོགས། ད་ཡ་ཟེར་དུས། “བོད་ལྗོངས་དང་བོད་ཁུལ་གཞན་དག་ཏུ་སྐུ་ཕྲེང་ལོ་རྒྱུས་ཅན་གྱི་བླ་སྤྲུལ་ངོ་མ”ག་ཚོད་ཅིག་ཡོད་པའི་གྲངས་ཀ་ཙམ་ཡང་ཁྱེད་རང་ཚོས་ཤེས་མེད་པར་ད་ལྟ་གཞི་ནས“གནས་ཚུལ་ལ་རྒྱུས་ལོན་བྱས་ནས་གཅིག་གྱུར་གྱི་རེའུ་མིག་བཟོ”འཆར་ཡོད་ལུགས་ཟེར། འདས་པའི་ལོ་ཟླ་ཁྲོད་ཁྱེད་རང་ཚོ་གཙོ་སྐྱོང་ལས་ཁང་གི་གཙོ་སྐྱོང་པ་ཚོས་ཅི་ཞིག་བྱས་པ་ཡིན་ནམ། འདི་ནི་ཧ་ཅང་གི་ཚབས་ཆེ་བའི་འགན་འཛོལ་ཁུར་ཤོར་མ་ཡིན་ནམ། “བླ་སྤྲུལ་ངོ་མ”ག་ཚོད་ཅིག་ཡོད་པའི་ཆེས་གཞི་རྩའི་གནས་ཚུལ་ཡང་རྒྱུས་ལོན་ཐུབ་མེད་པས། ཆེས་རྨང་གཞིའི་གྲངས་ཀ་ཙམ་ཡང་ཤེས་ཐུབ་མེད་ན། བོད་བརྒྱུད་ནང་བསྟན་དང་དེའི་གཏོགས་ཡུལ་གཏོགས་མི་སོགས་ལ་དོ་དམ་ཇི་ལྟར་བྱེད་དམ། ཁྲིམས་ལུགས་ལ་བསྟུན་ནས་དོ་དམ་ཇི་ལྟར་བྱེད་དམ། འདི་ནི་མི་རྫ་སེ་རྫུ་སེ་སྐོར་ཞིག་གི་ལས་ཐམ་མེ་ཐོམ་མེ་བྱས་པ་མ་ཡིན་ནམ། སྐད་ཆ་ཐམ་མེ་ཐོམ་མེ་བཤད། ལས་ཀ་ཐམ་མེ་ཐོམ་མེ་བྱས། དེ་ཡི་འབྲས་བུ་ལ་མགོ་རྙོག་ལུང་བ་གང་ལས་ཅི་ཞིག་ཡོད། རང་ཉིད་ཐམ་མེ་ཐོམ་མེ་ཡིན་དུས། གཞན་རྣམས་གསལ་པོ་གསལ་རྐྱང་ཇི་ལྟར་ཡོང་། དེ་ལྟ་ན་མའོ་ཙེ་ཏུང་གི་དགོངས་དོན “ངེས་པར་དུ་བོད་ལྗོངས་ཀྱི་ལས་དོན་ལེགས་པོར་སྒྲུབ་དགོས”ཞེས་པའི་དྲི་མེད་བསླབ་བྱ་དེ་ཇི་ལྟར་སྒྲུབ་བམ།
བློ་མཐུན་ཀྲུའུ་ཝེ་ཆོན་ལགས། ཁྱེད་ཀྱིས་ལག་ཟུང་སྙིང་ཁར་སྦྱར་ནས་བསམ་གཞིག་ཅིག་ཐོངས་དང་། དེ་ལྟར་བྱས་པས། ཏང་དང་དབུས་གཞུང་གི་ཁྱེད་ལ་བཅངས་པའི་བཀའ་མངག་གལ་ཆེན་དང་ཡིད་ཆེས་བརྟན་པོ་ལ་གདོང་སྟོན་ཐུབ་བམ། རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་དང་གྲྭ་བཙུན་ཚོའི་ཁྱེད་ལ་བཅངས་པའི་རེ་སྒུག་དང་སྨོན་འདུན་ཆེན་པོར་ངོ་གནོང་གིན་མི་འདུག་གམ། ཁྱེད་ཀྱི་ལག་ན་ནམ་མཁའི་སྐར་གྲངས་ལས་ཀྱང་མང་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་དངུལ་དང་བོད་ཁུལ་བདག་སྐྱོང་གི་འགྲོ་དངུལ་ཡོད་པའི་མ་ཚད། དབང་ཆ་ཆེ་ཞིང་འཚོ་བ་སྐྱིད་ལ། གོ་གནས་མཐོ་ཞིང་གླ་ཕོགས་མཐོ་བས། རིགས་སོ་སོའི་མི་རིགས་དཔྱ་ཁྲལ་འཇལ་མཁན་ཚོར་གདོང་སྟོན་ཐུབ་བམ། ངོ་གནོང་གིན་མི་འདུག་གམ།
བློ་མཐུན་ཀྲུའུ་ཝེ་ཆོན་ལ་བསམ་འཆར་འགའ་འདོན་རྒྱུ།
བློ་མཐུན་ཀྲུའུ་ཝེ་ཆོན་ལགས། མཇུག་མཐར། བདག་གིས་ད་དུང་ཡང་ཚིག་འགའ་བཤད་འདོད་བྱུང་། ཁྱེད་རང་དེ་སྔ་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་དང་། རྒྱ་ནག་བོད་ལྗོངས་རིག་གཞུང་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན་དང་དྲུང་ཡིག་གཅིག་ལྕོགས་ཀྱི་གོ་གནས་འཁུར་དུས་དུ། ང་ནི་མཐུན་ཚོགས་དེའི་ཚོགས་མི་དཀྱུས་མ་ཞིག་ཡིན། ཐོག་མཐའ་བར་གསུམ་དུ་བདག་གིས་ཁྱེད་ལ་བརྩི་བཀུར་བྱེད་ཀྱིན་ཡོད་ལ། ཁྱེད་ཉིད་ཀྱིས་ཀྱང་ང་ལ་མཛའ་བརྩེའི་ཐུགས་ཁུར་གནང་ཞིང་། གུས་བརྩི་དང་བཅས་སྣེ་ལེན་བྱེད་ཀྱིན་ཡོད། ཁྱེད་དང་ངེད་གཉིས་ཀྱི་བར་ན་མི་སྒེར་གྱི་དགའ་སྡང་གཅིག་ཀྱང་གླེང་རྒྱུ་རྩོད་རྒྱུ་མེད། ངས་བརྩམས་ཆོས་གསར་བ་ཞིག་བཏོན་མ་ཐག ནམ་ཡང་ཡིན་ལམ་སང་ཁྱེད་ལ་ཕུལ་ནས་ཉིད་ཀྱིས་གཟིགས་ཀློག་དགོངས་འཆར་འདོན་རྒྱུའི་རེ་སྐུལ་ཞུས་བ་ཡིན། དེ་བཞིན་དུ་ཁྱེད་ཀྱིས་རིག་གཞུང་ལས་འགུལ་རིགས་ཅི་ཞིག་གོ་སྒྲིག་བྱས་ཚེ། ནམ་རྒྱུན་ང་མགྲོན་འབོད་ཞུ་བཞིན་ཡོད་ལ། དེ་མིན་ད་དུང་ལོ་རེའི་ལོ་སར་དུས་ཆེན་གྱི་སྐབས་སུ། ཁྱེད་ཀྱིས་ང་ལ་ལོ་སར་འཚམས་རྟགས་གཏོང་གིན་ཡོད། ལོ་ཞིག་ལ་ཁྱེད་ཀྱིས་ང་ལ་བསྐུར་བའི་འཚམས་རྟགས་བྱང་བུའི་སྟེང་ཉིད་ཀྱི་ཨ་མ་ལགས་ཀྱིས་དངོས་སུ་བྲིས་གནང་བའི་རྒྱ་ནག་གི་སྲོལ་རྒྱུན་རི་མོ་ཞིག་དཔར་ཡོད་པ་དང་། རི་མོ་དེ་མཛེས་ཤིང་ལྟ་ན་སྡུག་པ་མ་ཟད། མཛའ་བརྩེ་དང་ལྷག་བསམ་གྱིས་ཁེངས་འདུག་པས། བཀྲ་ཤིས་པའི་ཉིན་མོ་དེར་དགའ་སྤྲོ་དང་རྟེན་འབྲེལ་འཕར་བ་ཞིག་སྦྱིན། དེ་ལས་ཁྱེད་ནི་ཨ་མ་ལ་གུས་ཞབས་དང་ཨ་མ་ལ་དགའ་བའི་མི་ཞིག་ཡིན་པ་བདག་གིས་ཚོར། ཁྱེད་རང་རང་ཉིད་ལ་དེ་ལྟ་བུའི་བྱམས་བརྩེས་ཁེངས་ཤིང་རིག་གཞུང་གིས་ཕྱུག་པའི་ཨ་མ་ཞིག་ཡོད་པས་གཟི་བརྗིད་དང་སྤོབས་པ་སྐྱེས་པ་ནང་བཞིན། ང་ལའང་དམིགས་བསལ་གྱི་དགའ་སྤྲོ་ཞིག་དང་། མཛའ་བརྩེ་ཞིག དྲོ་སྐྱིད་ཅིག་སྐྱེས་ནས་འཚམས་རྟགས་བྱང་བུ་དེ་དུས་དེ་རིང་ད་དུང་ཉར་ཚགས་ཡག་པོ་བྱས་ཡོད། པུའུ་རིམ་པའི་འགོ་ཁྲིད་ཁྲོད། ང་ལ་འཚམས་རྟགས་བསྐུར་མཁན་ཁྱེད་རང་གཅིག་པུ་ལས་མེད། ང་ནི་བརྩེ་དུངས་ལ་གཙིགས་འཛིན་དང་། མཛའ་བརྩེ་ལ་གཅེས་འཛིན་བྱེད་པའི་མི་ཞིག་ཡིན། དེ་བཞིན་ངེད་གཉིས་ཀྱི་མཛའ་བརྩེ་ལ་ངས་ཧ་ཅང་གིས་གཙིགས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། དེ་རིང་འདི་གར་གླེང་གིན་པ་དག་ནི་མི་སྒེར་བར་གྱི་སྒེར་དོན་མིན་ལ། དེ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་དང་། མི་རིགས་ཀྱི་བདེན་དོན་ཡིན་པས། ངས་སྒེར་དོན་ལ་རྐྱེན་བྱས་ནས་སྤྱི་དོན་འཇོག་མི་རུང་། དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་དང་མཐུན་ཚོགས་ཀྱི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་ནམ་རྒྱུན་ང་ཚོར་དགོངས་འཆར་འདོན་རྒྱུར་སྐུལ་འདེད་ཞུས་དང་ཞུ་བཞིན་ཡོད་པར་བསྟུན། དེ་རིང་བདག་གིས་འཛེམ་བག་མེད་པར་ཁྱེད་ལ་དྲན་འཆར་འགའ་འདོན་རྒྱུ་ཡིན། ཁྱེད་ནི་བོད་ལྗོངས་ལས་དོན་གཙོ་སྐྱོང་བ་དང་། མི་རིགས་དང་ཆོས་ལུགས་ལས་དོན་གཙོ་སྐྱོང་མཁན་ཡིན་པས། བོད་མི་རིགས་ཀྱིས་ང་ཚོའི་གཅིག་གྱུར་གྱི་མི་རིགས་མང་པོའི་མེས་རྒྱལ་ཁྱིམ་ཚང་ཆེན་པོ་འདི་འཛུགས་སྐྱིན་གྱི་སླད་དུ། མེས་རྒྱལ་གྱི་མངའ་ཁོངས་སྲུང་སྐྱོབ་ཀྱི་སླད་དུ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲུལ་གྱི་སླད་དུ། དེ་སྔོན་གཟི་བརྗིད་ཆེ་བའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། གཟི་བརྗིད་རླབས་པོ་ཆེ་དེའི་ཐད། མའོ་ཙེ་ཏུང་དང་། ཀྲུག་ཨིན་ལེ་སོགས་འབྱོར་མེད་གྲལ་རིམ་གསར་བརྗེ་བ་རྒན་རབས་པ་ཚོས་གདེང་འཇོག་ཧ་ཅང་མཐོན་པོ་གནང་ཡོད་ལ། དེ་ཁྱེད་ཀྱིས་ཤེས་འོས་པ་ཞིག་དང་ཤེས་དགོས་པ་ཞིག་ཀྱང་རེད། བོད་མི་རིགས་ནི་དད་པ་ཅན་གྱི་མི་རིགས་ཤིག་ཀྱང་ཡིན། ཁོང་ཚོའི་ཁྲོད་མི་མང་ཆེ་བ་བབ་ཆགས། གཤིས་དྲང་། བྱམས་ལྡན། སྙིང་རྗེ་ཅན་དང་སྐྱིད་སྡུག་ཤེས་པའི་མི་ཤར་སྟག་ཡིན། དེ་དང་མཉམ་དུ་བོད་མི་རིགས་ནི་མི་རིགས་ལ་རྒྱ་ཅན་ཞིག་དང་། རང་བརྩི། རང་བཀུར། རང་གཅེས་ཅན་གྱི་མི་རིགས་ཤིག་ཀྱང་ཡིན། གཅིག་བགྱིས་ན་ཁྱེད་ཀྱིས་མའོ་ཙེ་ཏུང་དང་། ཀྲུག་ཨིན་ལེ་སོགས་འབྱོར་མེད་གྲལ་རིམ་གསར་བརྗེ་བ་རྒན་རབས་པ་ཚོའི་བཀའ་སློབ་ལམ་སྟོན་ལ་བསྐྱར་སྦྱོང་བྱེད་དགོས་པ་འདྲ། དེ་བཞིན་ཁྱེད་ཀྱིས་བློ་མཐུན་ལི་ཝེ་ཧན(李维汉)དང་། བུའོ་ལན་ཧྥི(乌兰夫)། ཞི་ཀྲུང་ཞུན(习仲勋)། ལིའུ་གི་ཕེན(刘格平)སོགས་ཀྱིས་གསར་གཏོད་གནང་བའི་ང་ཚོའི་ཏང་དང་། ང་ཚོའི་རྒྱལ་ཁབ་ཀྱི་འཐབ་ཕྱོགས་གཅིག་གྱུར། མི་རིགས། ཆོས་ལུགས་ལས་དོན་ཐད་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་དགོས། གཞུང་དྲང་བབ་ཆགས་དང་གཤིས་འཇམ་སེམས་བཟང་གི་བོད་མི་རིགས་འདི་གཅེས་པར་སྐྱོང་དང་། བོད་རིགས་སྤུན་ཟླའི་མི་རིགས་ལ་བཅངས་པའི་བརྩེ་དུངས་དང་མི་རིགས་ཀྱི་ལ་རྒྱར་གནོན་པ་མ་སྐྱེལ་རོགས། དེ་བས་ཀྱང་མི་རུང་བ་ཞིག་ནི་བྱུང་མ་བྱུང་ཙམ་ལ“ཁ་བྲལ་ལ་ངོ་རྒོལ”ཞེས་པའི་དབྱུག་པ་འཕྲེད་དུ་གཡུག་ནས་བོད་མི་བཟང་ངན་ཡག་བཙོག་ཚང་མ་ལེབ་རྡུང་མ་བྱེད་རོགས། དུས་དང་རྣམ་པ་ཀུན་ཏུ“ཁ་བྲལ་ལ་ངོ་རྒོལ”ཞེས་པའི་ཁུག་མ་དེ་གཟེད་ནས་བོད་རིགས་སྤུན་ཟླ་ཧྲིལ་བོ་དེའི་ནང་འཇུག་ཐབས་མ་བྱེད་རོགས། ཁྱེད་རང་ཉིད་ཀྱི་ཨ་མ་ལགས་ལ་དགའ་ཞེན་ཆེ་ཞིང་དུངས་པ་ཟབ་པ། དེ་ལྟ་བུའི་ཨ་མ་ཞིག་ཡོད་པར་གཟི་བརྗིད་དང་སྤོབས་པས་ཁེངས་ཡོད་པར་ངས་དེ་ལ་བསམ་ཤེས་བྱེད་ཐུབ་པ་མ་ཟད་དེ་ལ་བརྩི་བཀུར་དང་རྗེས་སུ་ཡི་རངས་ཡོད། དེ་དང་ཆ་འདྲ་བར། བོད་མི་རིགས་ནི་ང་ཚོའི་བོད་མི་ས་ཡ་དྲུག་ཐུན་མོང་གི་ཨ་མ་ཡིན། ང་ཚོའི་རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ནི། ང་ཚོ་མི་རིགས ༥༦ གི་ཐུན་མོང་གི་ཨ་མ་ཡིན། རང་གི་ཨ་མ་ལའང་མི་དགའ་མི་དུངས་པའི་མི་ཞིག་གིས་རང་གི་མི་རིགས་ལ་དགའ་ག་ལ་སྲིད། ཡང་དེ་བཞིན་དུ་ཨ་མ་ལ་མི་དགའ་བ། མི་རིགས་ལའང་མི་དགའ་བའི་མི་ཞིག་གིས་ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་ལ་དེ་བས་ཀྱང་དགའ་མི་སྲིད། དེ་བས་ན། བོད་མི་རིགས་ཀྱི་མི་རིགས་ལ་བཅངས་པའི་བརྩེ་དུངས་དང་མི་རིགས་ཀྱི་ལ་རྒྱ་ལ་ཁྱེད་ཀྱིས་བསམ་ཤེས་དང་གུས་བཀུར་ཞུ་རོགས་གནོངས། བོད་མི་དམངས་ཀྱིས་རླབས་ཆེ་བའི་མེས་རྒྱལ་གྱི་ཆེད་དུ་ཕུལ་བའི་རླབས་ཆེན་གྱི་བྱས་རྗེས་དང་སྒེར་སེམས་དང་བྲལ་བའི་མཛད་རྗེས་ལ་སློབ་སྦྱོང་དང་། རྒྱུས་ལོན། བྱང་ཆ་ཡོད་པར་གྱིས། མའོ་ཙེ་ཏུང་གི་བྱེ་བྲག་པའི་གནད་དོན་བྱེ་བྲག་པར་དབྱེ་ཞིབ་བྱེད་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་རྣམ་ཤེས་ལྟ་བུ་ཡིན་ཞེས་པའི་ཡང་དག་པའི་ལམ་སྟོན་དེ་མ་བརྗེད་ཡིད་ལ་འཛིན་རྒྱུར་བདག་གིས་ལྷག་བསམ་རྣམ་དག་གིས་འབོད་སྐུལ་ཞུས་པ་ཡིན།
གནད་དོན་ཅི་ཞིག་ཡིན་ན། གནད་དོན་དེ་འདྲ་ཞིག་ཡིན་དགོས། གནད་དོན་ཆེ་ཆུང་ག་ཚོད་ཅིག་ཡིན་ན། གནད་དོན་དེ་ཚོད་ཅིག་ཡིན་དགོས། གནད་དོན་གྱི་རང་བཞིན་ག་འདྲ་ཞིག་ཡིན་ན། གནད་དོན་གྱི་རང་བཞིན་དེ་འདྲ་ཞིག་ཡིན་དགོས། སུ་ཡི་གནད་དོན་ཡིན་ན། དེ་ཡི་གནད་དོན་ཡིན་དགོས། གནད་དོན་ཡོད་ཚད་སྟབས་གང་བདེ་ཡིས “ཁ་བྲལ་ངོ་རྒོལ”ལ་འཐབ་རྩོད་ཀྱི་ཁོངས་སུ་མ་འཇུག་རོགས། “བོད་རང་བཙན་ལ་ངོ་རྒོལ”གྱི་འཐབ་རྩོད་དེ། བོད་རིགས་སྤུན་ཟླ་ལ་འཐབ་རྩོད་ཀྱི་ངོ་བོར་གཡོ་བསྒྱུར་མ་གནང་རོགས། བློ་མཐུན་ཀྲུའུ་ཝེ་ཆོན་ལགས། ཁྱེད་ཀྱིས་ཤེས་དགོས་ལ་ཤེས་ཀྱང་འོས་པ་ཞིག་ནི།
ལས་ཀ་སྒྲུབ་སྟངས་དེ་རྩ་བའི་ཆ་ནས་ཆེས་ཆེ་པའི་ཁ་བྲལ་རིང་ལུགས་ཡིན། དེ་ནི“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག”དང་། མེས་རྒྱལ་གཅིག་གྱུར་ལ་གཏོར་བརླག བོད་རྒྱ་མི་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བརླག བརྟན་བརླིང་མཐུན་སྒྲིལ་ལ་གཏོར་བརླག་བཅས་ཡིན་པས། དོན་དམ་པའི་ལོ་རྒྱུས་ཀྱི་ཉེས་ཅན་པ་ཡིན།
བྲེལ་མྱུར་ངང་འབྲི་དགོས་བྱུང་སྟབས། བརྗོད་བྱ་དོན་ལ་གནས་པ་ཞིག་ཡོང་མ་ནུས་ལ། ཕོག་ཐུག་ཤོར་སར་བསམ་ཤེས་དང་བཟོད་བསྲན་གནང་རོགས།
སྐྱོན་བརྗོད་དང་མཛུབ་སྟོན་ལ་རེ་སྒུག་དང་བཅས།
སྤྱི་ལོ ༢༠༡༥ ལོའི་ཟླ ༡༢ ཚེས ༡༣ ཉིན་རྒྱལ་ས་པེ་ཅིང་དུ།