
སྤྱི་ལོ ༢༠༡༦ ཟླ ༡ ཚེས ༡༦ རེས་གཟའ་སྤེན་པའི་ཉིན། ཐེ་ཝན་གྱིས་སྐབས་བཞི་བའི་སྲིད་འཛིན་འོས་བསྡུ་ཆེན་མོ་སྤེལ་ཡོད་པ་དང་། ལྕམ་ཚེ་ཡིན་ཝེན་ལགས་མི་རྣམས་པའི་ཚོད་དཔག་བྱས་པ་ཇི་བཞིན་འོས་ཤོག་ས་ཡ་དྲུག་ལྷག་ཐོབ་ཏེ་སླ་བོའི་ངང་ཐེ་ཝན་གྱི་སྐབས་བཞི་བའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ནས། ཐེ་ཝན་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་ཐོག་མ་དང་། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གཉིས་པར་གྱུར་ཞིང་། ཐེ་ཝན་གྱི་སྐབས་གསུམ་པའི་སྲིད་ཚོགས་རེས་མོས་ཀྱི་འཕེལ་རིམ་དེ་བདེ་ལེགས་ངང་འགྲུབ་པ་དང་ཆབས་ཅིག ཐེ་ཝན་གྱི་སྲིད་འཛིན་ཐད་ཀར་འདེམས་པའི་སྲོལ་ཚུགས་པ་ནས་བཟུང་བའི་སྲིད་འཛིན་ཨང་བཞི་པ་དེ་ཆགས་པ་རེད།
ལྕམ་ཚེ་ཡིན་ཝེན་ལགས་སྤྱི་ལོ ༡༩༥༦ ཟླ ༨ ཚེས ༣༡ ཉིན། ཐེ་པེ་གྲོང་ཁྱེར་ཀྲུང་ཧྲན་ཁུལ་དུ་སྐྱེས་ཤིང་། ཚེ་ཡིན་ཝེན་གྱི་སྤོ་བོ་ནི་ཧྥང་ཧྲན་ཞང་ཧྥིན་ཀང་གི་བྱེས་པ་ཝང་རིགས་ཀྱི་ཡིན་ཞིང་། རྨོ་མོ་ནི་ཧྲི་ཙི་ཞང་ཕེ་ཝན་རིགས་ཀྱི་ཡིན་པས། ལྕམ་ཚེ་ཡིན་ཝེན་གྱི་ལུས་སྟེང་ན་བྱེས་པ་དང་གདོད་མིའི་མི་རིགས་གཉིས་ཀའི་ཁྲག་རྒྱུད་ཡོད་པ་རེད།
ལྕམ་ཚེ་ཡིན་ཝེན་གྱི་ཨ་ཕ་ཚེ་ཅི་ཧྲིན་ལོ ༡༨ གྱི་སྔོན་དུ་རྒྱ་ནག་སྐམ་ས་ཆེན་མོའི་ཏུང་པེ་འཕྲུལ་འཁོར་སློབ་གྲྭ་ཞིག་ཏུ་གནམ་གྲུ་བཟོ་སྐྲུན་སྐོར་སློབ་སྦྱོང་བྱས་ཡོད་པ་དང་། འཁྲུག་ཆེན་གཉིས་པའི་རྗེས་སུ་ཐེ་ཝན་ལ་ཡོང་ནས། རླངས་འཁོར་བཟོ་བཅོས་དང་། ས་ཁང་བདག་ཁོངས། བཟོ་བཀོད་ལས་རིགས། གསོལ་མགྲོན་ཁང་སོགས་ཀྱི་ཚོང་ལས་གཉེར་མྱོང་པ་དང་། ཐེ་ཝན་གྱི་འབྱོར་ལྡན་པའི་གྲས་ཡིན།
དེ་མིན་ལྕམ་ཚེ་ཡིན་ཝེན་གྱི་ཨ་ཕས། ལྕམ་ཚེ་ཡིན་ཝེན་གྱི་ཨ་མ་ཐེ་བའི་བུད་མེད་བཞི་ལ་བདག་པོ་བརྒྱབས་ནས་ཁྱིམ་ཚང་བཞི་བསྒྲིགས་ཡོད་པ་དང་། ཚེ་ཡིན་ཝེན་ལ་ཕ་གཅིག་མ་མི་གཅིག་པའི་སྤུན་མཆེད་བཅུ་ཐམ་པ་ཡོད་པ་རེད། ལྕམ་ཚེ་ཡིན་ཝེན་གྱི་མི་ཚེ་ཧྲིལ་བོར་སློབ་གསོ་དང་ཆབ་སྲིད་ལས་དོན་རིགས་བྱས་ཡོད་པས་ཡོང་སྒོ་ཆེར་མེད་མོད། ཁྱིམ་ཚང་གི་འབྲེལ་བར་བསྟུན་ནས་ཁོང་མོར་རྒྱུ་ཆེན་པོ་དབང་ཡོད་པས། ཐེ་ཝན་ཆབ་སྲིད་ཀྱི་ཁྲོད་ཁོང་མོ་ནི་བུད་མེད་ཕྱུག་བདག་གི་གྲས་ཡིན།
ལྕམ་ཚེ་ཡིན་ཝེན་གྱི་གཤིས་ཀ་ལྟར་ན། དུས་དང་རྣམ་པ་ཀུན་ཏུ་བབ་ཆགས་དང་། བློ་རིག་རང་ཚོད་ཟིན་མཁན་ཞིག་ཡིན་ལ། ལྟོས་ས་ལྟོས་འཇོག་གིས་བཤད་ན་རྙིང་ཞེན་པ་ཞིག་ཡིན། ལྕམ་ཚེ་ཡིན་ཝེན་གྱིས“མི་འགྲུབ་པའི་དོན་དག་གཅིག་ཀྱང་མི་བཤད་པའི” གཤིས་ཀ་རྒྱུན་འཁྱོངས་བྱས་ཡོད་སྟབས། གལ་འགངས་ཆེ་བའི་བརྗོད་གཞིའི་སྟེང་ཁོང་མོས་བྱེ་བྲག་པའི་ལྟ་བ་བཏོན་པ་ཧ་ཅང་དཀོན་པོ་ཡིན།
ལྕམ་ཚེ་ཡིན་ཝེན་ལ་དེ་སྔ་རྫོང་དང་གྲོང་ཁྱེར་གྱི་འོས་བསྡུ་བདམ་རྩོད་ཁྲོད་རྒྱལ་ཁ་གཅིག་ཀྱང་ཐོབ་མྱོང་མེད་ལ། བདམས་ཐོན་མ་ཡིན་པའི་སྲིད་བློན་གཞོན་པའི་གོ་གནས་སོགས་འཁུར་མྱོང་བ་ལས། རྫོང་དང་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་གྱིས་མཚོན་པའི་གོ་ས་མཐོན་པོའི་བསླབ་པ་ཉམས་མྱོང་སོགས་གཅིག་ཀྱང་མེད། དེའི་སྟབས་ཀྱིས། ཁོང་མོའི་སྲིད་སྐྱོང་གི་ནུས་པར་ནམ་རྒྱུན་འགྲན་ཡ་དག་གིས་དོགས་འདྲིའི་གཞི་རུ་གྱུར་ཡོད་པ་རེད།
ལྕམ་ཚེ་ཡིན་ཝེན་ལགས་སྔ་རྗེས་སུ་ཐེ་ཝན་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་ཤེས་རམས་པ་དང་། ཨ་རིའི་ཁོར་ནེལ་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་རབ་འབྱམས་པ། དབྱིན་ཇིའི་ཆབ་སྲིད་དང་དཔལ་འབྱོར་སློབ་གླིང་གི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་བཅས་ཐོན་ཡོད་པ་དང་། དབྱིན་ཇི་ནས་འབུམ་རམས་པའི་ལག་རྟགས་བླངས་རྗེས་ཁོང་མོ་ཕྱིར་ཐེ་ཝན་དུ་ལོག་ནས་ཐེ་ཝན་ཏུང་ཝུ་གཙུག་ལག་སློབ་ཆེན་དང་ཆབ་སྲིད་སློབ་ཆེན་སོགས་སུ་དགེ་རྒན་གྱི་ཕྱག་ལས་གནང་འདུག སྐུ་ཞབས་ལེ་ཏིན་ཧུས་སྲིད་འཛིན་སྐབས་སུ། ལྕམ་ཚེ་ཡིན་ཝེན་གྱིས་ཐེ་ཝན་གཞུང་གི་དཔལ་འབྱོར་སྡེ་ཚན་དུ་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཁྲིམས་ལུགས་བློ་འདོན་པ་དང་། དེ་མིན་ཐེ་ཝན་དེ་རྒྱལ་སྤྱིའི་ཚོང་ལས་སྒྲིག་འཛུགས་ནང་ཞུགས་སྐབས་ཁོང་མོས་གྲོས་མོལ་སྐུ་ཚབ་པ་ལོ ༡༥འི་རིང་གནང་འདུག དེ་བཞིན་ལྕམ་ཚེ་ཡིན་ཝེན་ནི་སྐུ་ཞབས་ལེ་ཏིན་ཧུས་ཀྱི་སྐད་གྲགས་ཆེ་བའི“རྒྱལ་ཁབ་གཉིས་གླེང་བ” ཞེས་པ་ཟིན་བྲིས་སུ་འདེབས་མཁན་ཡང་ཡིན།
སྐུ་ཞབས་ཁྲིན་ཧྲས་པེན་སྲིད་འཛིན་སྐབས་སུ། ལྕམ་ཚེ་ཡིན་ཝེན་གྱིས་གཞུང་གི་སྲིད་དོན་འཐུས་མི་དང་། ཐེ་ཝན་གཞུང་སྐམ་ས་ཆེན་མོ་ཚོ་ཆུང་གི་འཐུས་མི། ཐེ་ཝན་གཞུང་གི་སྲིད་བློན་གཞོན་པ་བཅས་ཀྱི་གོ་གནས་འཁུར་འདུག
སྤྱི་ལོ ༢༠༠༤ལོར་ལྕམ་ཚེ་ཡིན་ཝེན་གཞི་ནས་ཐེ་ཝན་རང་བཙན་ལ་ཕྱོགས་པའི་དམངས་གཙོ་ཡར་ཐོན་ཚོགས་པར་ཞུགས་ནས་ཆབ་སྲིད་ནང་གོམ་པ་སྤོས་ཡོད་པ་དང་། ལྕམ་ཚེ་ཡིན་ཝེན་ཆབ་སྲིད་ནང་ཞུགས་དུས་ཧ་ཅང་ཕྱི་བོ་ཡིན་པས། དེ་ཆབ་སྲིད་པ་མང་པོ་ཞིག་དང་གཏན་ནས་མི་འདྲ། ༢༠༠༨ལོ་ནས ༢༠༡༢ ལོར་ལྕམ་ཚེ་ཡིན་ཝེན་གྱིས་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོའི་འགན་བཞེས་པ་དང་། ༢༠༡༢ ལོར། ཐོག་དང་པོར་དམངས་གཙོ་ཡར་ཐོན་ཚོགས་པའི་སྐུ་ཚབ་ཀྱི་ངོ་བོས་སྲིད་འཛིན་འོས་བསྡུ་བདམ་རྩོད་ནང་ཞུགས་ནས། ཐེ་ཝན་གྱི་ལོ་རྒྱུས་སྟེང་བུད་མེད་སྲིད་འཛིན་འོས་མི་ཐོག་མར་གྱུར། ལོ་དེར་འོས་ཤོག་འབུམ་བརྒྱད་ཀྱི་ཁྱད་པར་ཤོར་ནས་སྲིད་འཛིན་དུས་ཡུན་གཉིས་པར་བདམ་རྩོད་བྱེད་ཀྱིན་པའི་མཱ་ཡིན་ཇུག་གི་ལག་ནས་ཕམ་ཁ་བྱུང་། ཁོང་མོ་ཕམ་དོན་གཙོ་བོ་ཞིག་ནི་རྒྱ་ནག་སྐམ་ས་ཆེན་མོའི་སྐོར་གྱི་སྲིད་ཇུས་ལ་གསལ་ཁ་མེད་པས་ཡིན་པ་ཕྱི་རོལ་ཡུལ་གྱིས་ངོས་འཛིན་བྱས་ཡོད།
སྤྱི་ལོ ༡༠༡༤ལོར་ཡང་བསྐྱར་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོར་བདམས་ནས་དུས་དེ་རིང་བར་ཡོང་། སྤྱི་ལོ ༢༠༡༥ལོའི་ཟླ ༤བར། ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་ཡང་བསྐྱར་ལྕམ་ཚེ་ཡིན་ཝེན་ཚོགས་པ་དེའི་སྲིད་འཛིན་འོས་མིར་བདམས་ནས་ཐེ་ཝན་གྱི་སྐབས་བཞི་བའི་སྲིད་འཛིན་བདམ་རྩོད་ནང་ཞུགས་པ་དང་། དེ་དང་དུས་མཉམ་དུ། ལྕམ་ཚེ་ཡིན་ཝེན་གྱི་མཚོ་འགག་གི་འབྲེལ་བ་གདོང་ལེན་གྱི་གཞི་རྩ་འཛིན་ས་དེ “མཚོ་འགག་གཉིས་ཀྱི་ད་ལྟའི་གནས་སྟངས་རྒྱུན་འཁྱོངས་བྱེད་རྒྱུ” ཞེས་པ་གཏན་འབེབས་བྱས་པ་དང་། ཐེ་ཝན་གོ་མེན་ཏང་དང་པེ་ཅིང་གཉིས་ཀས་ལྕམ་ཚེ་ཡིན་ཝེན་གྱིས “གོ་གཉིས་ལོའི་ཐུན་མོང་གྲོས་མཐུན” ངོས་ལེན་བྱེད་དགོས་པར་ཨུ་ཚུགས་བརྒྱབས་ཡོད་ཀྱང་། ལྕམ་ཚེ་ཡིན་ཝེན་གྱིས “གོ་གཉིས་ལོའི་ཐུན་མོང་གྲོས་མཐུན” ཟེར་བ་ངོས་ལེན་བྱས་མེད་། དེ་འདྲ་ཡིན་མོད་ཀྱང་། “མཚོ་འགག་གཉིས་ཀའི་ད་ལྟའི་གནས་སྟངས་རྒྱུན་འཁྱོངས་བྱེད་རྒྱུ” ཞེས་པའི་རྩ་དོན་དེ་ཐེ་ཝན་མི་དམངས་དང་ཨ་རི་གཞུང་གིས་ངོས་ལེན་བྱས་ཡོད་པ་རེད།
ཐེ་ཝན་གཞུང་འཛིན་གོ་མེན་ཏང་ཚོགས་པས་འདས་པའི་ལོ་བརྒྱད་རིང་གི་འཛིན་གཞུང་སྐབས། རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་དང་། མི་མང་གི་གླ་ཕོག་མར་ཆག་པ། སྤྱི་ཚོགས་ཁྲོད་དབུལ་ཕྱུག་གི་ཁྱད་པར་ཇེ་ཆེ་སོང་བ། འཚོ་འགག་གཉིས་ཀའི་དཔལ་འབྱོར་གྱི་ཁེ་བཟང་ཚོང་པ་སྐོར་ཞིག་གིས་བགོ་བཤའ་བརྒྱབས་ནས་ཧམ་ཟ་བྱས་པ། དེ་མིན་གོ་མེན་ཏང་ནང་ཁུལ་དུ་ནང་འཁྲུག་རྒྱུན་ཆད་མེད་པར་བྱུང་བའི་ཁར། ཆབ་སྲིད་དང་དཔལ་འབྱོར་གྱིས་གཙོས་ཕྱོགས་ཐམས་ཅད་ནས་རྒྱ་ནག་སྐམ་ས་ཆེན་པོར་བསྟུན་པ་མང་དྲགས་པ་སོགས་ཀྱི་དབང་གིས། ཐེ་ཝན་མི་དམངས་ཁྲོད “མི་བརྗེས་ནས་གཅིག་ལྟ་ཡ” ཞེས་པའི་གནས་སྟངས་ཤར་ནས། འོས་འདེམས་སྐབས་གཞུང་འཛིན་གོ་མེན་ཏང་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་བ་རེད།
དེ་ལས་ལྡོག་ཏེ་ལྕམ་ཚེ་ཡིན་ཝེན་གྱིས་འདས་པའི་ལོ་བརྒྱད་རིང་། གྲ་སྒྲིག་འཐུས་ཚང་བྱས་ནས། རང་ཉིད་ཀྱི་སྣང་བརྙན་ལེགས་པར་བཟོས་ནས་མཐའ་མའི་རྒྱལ་ཁའི་ཕྱོགས་སུ་གོམ་པ་གང་གང་སྤོས་ནས། མཇུག་མཐར། སྤྱི་ལོ ༢༠༡༦ལོའི་ཟླ ༡ ཚེས ༡༦ རེས་གཟའ་སྤེན་པར་སྤེལ་བའི་སྲིས་འཛིན་འོས་བསྡུའི་ཁྲོད་འགྲན་ཡ་གཞུང་འཛིན་གོ་མེན་ཏང་ཚོགས་པའི་སྲིད་འཛིན་འོས་མི་ཀྲུའུ་ལེ་ལོན་ལས་རྣམ་པར་རྒྱལ་ཏེ་ཐེ་ཝན་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་ཐོག་མ་རུ་གྱུར་པ་རེད།
ཐེ་ཝན་གྱི་ཁྲིམས་ལུགས་ལྟར་ན། སྤྱི་ལོ ༢༠༡༦ ལོའི་ཟླ ༥ ཚེས ༢༠འི་ཉིན། ལྕམ་ཚེ་ཡིན་ཝེན་གྱིས་དངོས་སུ་ཐེ་ཝན་སྲིད་འཛིན་གྱི་ཁྲི་འདོན་དམ་འབུལ་བྱ་དགོས་པ་རེད།
ཐེ་ཝན་གྱི་སྲིད་འཛིན་ལ་ཐོབ་ཐང་དང་དབང་ཚད་ཅི་ཞིག་ཡོད་དམ་ཞེན། ཐེ་ཝན་གྱི་སྲིད་འཛིན་ལ་ཕྱི་འབྲེལ་དང་། དམག་དོན། གཞུང་འཛིན། ཁྲིམས་བཟོ། ཁྲིམས་འཛིན་བཅས་ཐོབ་ཐང་ལྔ་ཡོད། ཁྲིམས་ལུགས་ལྟར་ཁྲིམས་ལུགས་བཟོ་བསྒྲགས། བཀའ་ཁྱབ་དང་ཛ་དྲག་གི་བཀའ་ཁྱབ་གཏོང་ཆོག་པ་མ་ཟད། རྒྱལ་ཁབ་ཀྱི་དམག་སྟེ་རྐང་དམག་དང་། མཁའ་དམག མཚོ་དམག་གསུམ་པོའི་ཆེས་མཐོའི་དམག་སྤྱི་ཡིན་ལ། འཐབ་འཁྲུག་རིགས་ཡོད་ཚད་ལ་སྲིད་འཛིན་གྱི་ཆོག་མཆན་དགོས། དེ་མིན་སྲིད་འཛིན་གྱིས་འཛིན་སྐྱོང་སྲིད་བློན་དང་། ཁྲིམས་འཛིན། ཡིག་རྒྱུགས། ཞིབ་བཤེར་ལྷན་ཁང་གི་འགན་འཛིན་རྒན་གཞོན་སོགས་གནད་ཆེའི་དབུ་ཁྲིད་ཚོ་བསྐོ་བཞག་བྱེད་རྒྱུའི་དབང་ཆའང་ཡོད།
ཐེ་ཝན་སྲིད་འཛིན་ལ་གླ་ཕོག་ག་ཚོད་ཅིག་ཡོད་ཅེ་ན། ཟླ་གཅིག་ལ་ཨ་སྒོར་ཁྲི་གཅིག་དང་སྟོང་གསུམ་བརྒྱད་བརྒྱ་ལྷག་ཡིན་ཞིང་། སྲིད་འཛིན་དུས་ཡུན་ལོ་བཞི་དང་། ཐེངས་གཉིས་ལ་འཁུར་ཆོག་གི་ཡོད་པ་རེད།
ཐེངས་འདིའི་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡིན་ཝེན་་་ནི་བོད་དོན་ལ་ རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན་པ་མ་ཟད། ༧སྤྱི་ནོར ༧གོང་ས་མཆོག་ལ་མཇལ་འཕྲད་གནང་མྱོང་ཡོད་པ་དང་། སྤྱི་ལོ ༢༠༡༢ ལོའི་ཟླ་ ༦ པའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ ཐའེ་ཝན་ནང་ཕྱོགས་སྐྱོད་གནང་སྐབས་ཁོང་མོར་ཐུག་འཕྲད་གནང་སྟེ་བོད་དོན་སྐོར་ལ་བཀའ་མོལ་གནང་ཡོད།
ལི་ཏིན་ཧུས་སྲིད་འཛིན་ཡིན་སྐབས་ཏེ ༡༩༩༧ ལོའི་ཟླ ༣ པར་ཐེངས་དང་པོར་༧གོང་ས་མཆོག་ཐེ་ཝན་ནང་གདན་འདྲེན་ཞུས་ཡོད་པ་དང་། དེའི་རྗེས་ཁྲིན་ཧྲུས་པེན་སྲིད་འཛིན་ཡིན་སྐབས་ཏེ ༢༠༠༡ ལོའི་ཟླ ༤ པར་ཐེངས་གཉིས་པར ༧གོང་ས་མཆོག་ཐེ་ཝན་ནང་གདན་འདྲེན་ཞུས་ཡོད། མ་ཡོན་ཇུག་སྲིད་འཛིན་ཡིན་སྐབས་ཏེ ༢༠༠༩ ལོའི་ཟླ ༨ པར་ཐེངས་གསུམ་པར་༧གོང་ས་མཆོག་ཐེ་ཝན་ནང་ཕེབས་ཡོད་་པ་རེད།
འོས་འདེམས་མ་བྱས་གོང་། གལ་ཏེ་ཐེ་ཝན་དམངས་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚེ་ཡིན་ཝེན་ལ་རྒྱལ་ཁ་ཐོབ་ཚེ། རྒྱ་ནག་གཞུང་གིས་ཐེ་ཝན་དང་འབྲེལ་བ་མང་པོ་ཞིག་གཅོད་སྲིད་པར་གནད་དོན་དབྱེ་ཞིབ་པ་མང་པོར་བློ་དོགས་སྐྱེས་ཡོད་པ་རེད། ཡིན་ན་ཡང་། ད་ལྟ་ལྕམ་ཚེ་ཡིན་ཝེན་ལ་དངོས་སུ་རྒྱལ་ཁ་ཐོབ་ཡོད་པས། རྒྱ་ནག་གཞུང་གི་རྣམ་འགྱུར་ཅི་ཡིན་གཞི་ནས་ལྟ་རྒྱུ་ལས་ལྷག་མེད།