ལེང་ཝན་ཁྲེང་གིས་རྒྱ་ནག་གི་གསང་བ་གནད་ཆེན་མོད་པོ་ཨ་རིར་བཤད།

མཆན། ལེང་ཝན་ཁྲེང་ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧོའུ་ཅན་ཐའོ་ཡི་གོ་གཉེར་ཆེན་མོ་ལེང་ཇུས་ཧྭ་ཡི་ནུ་བོ་རེད། ལེང་ཇུས་ཧྭ་ཡིས་གོ་སའི་སྟབས་བདེ་ལ་བསྟུན་ནས་རྒྱ་ནག་གི་གསང་པའི་ཡིག་ཆ་འབོར་ཆེན་ཉར་ཡོད་པ་དང་། ཁོང་འཛིན་བཟུང་མ་བྱས་པའི་སྔོན་དུ། རང་ཉིད་སྲུང་སྐྱོང་གི་ཆེད་དུ་གསང་བའི་ཡིག་ཆ་དེ་དག་ནུ་བོ་ལེང་ཝན་ཁྲེང་གི་ལག་ལ་བཞག་ཡོད་པ་དང་། ལེང་ཝན་ཁྲེང་གིས་གསང་བའི་ཡིག་ཆ་དེ་དག་ཁྱེར་ནས་ཨ་རིར་འབྱོར་ཡོད་པ་རེད།

Screen Shot 2016-02-09 at 13.33.15
གཡོན་གྱི་དེ་ལེང་ཇུས་ཧྭ་དང་། གཡས་ཀྱི་དེ་ནི་ལེང་ཝན་ཁྲེང་རེད།

ལེང་ཝན་ཁྲེང(令完成)གིས་ཨ་རིའི་གསང་བའི་ལས་ཁུངས་ཁག་ལ་རྒྱ་ནག་གི་གསང་བའི་གནས་ཚུལ་སྙན་སེང་ཞུ་བཞིན་ཡོད་ལུགས་ཨ་རིའི་གསར་འགྱུར་སྨྱན་བྱད་ཁག་གིས་གནས་ཚུལ་སྤེལ་འདུག
ཨ་རིའི་གསར་འགྱུར་དྲྭ་ཚུགས༼ཝ་ཞིན་ཊིན་རང་དབང་སྒྲོན་མེ (Washington Free Beacon) ༽ཡི་གསར་འགོད་པ་གྲགས་ཅན་བྷེལ གྷེར་ཙི (Bill Gertz) ཡིས་སྤྱི་ཟླ ༢ ཚེས ༣ ཉིན་རུས་མིང་གསང་བའི་ཨ་རིའི་གསང་འཕྲིན་དཔོན་རིགས་ཤིག་གིས་བཤད་པའི་གནས་ཚུལ་གཞིར་བཟུང་ནས་རྩོམ་ཡིག་ཅིག་བྲིས་ཡོད་པའི་ནང་དུ། དབང་ཤུགས་ཤོར་བའི་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ལེན་ཇུས་ཧྭ(令计划)ཡིས་ནུ་བོ་ཚོང་པ་ལེང་ཝན་ཁྲེང་གིས་ཨ་མེ་རི་ཀ་སྤྱི་མཐུན་གཞུང་བརྟག་དཔྱད་ལས་ཁང(FBI) དང་དབུས་གསང་བའི་ལས་དོན་ཁང་(CIA)སོགས་གསང་འཕྲིན་རྩ་འཛུགས་ཁག་ལ་རྒྱ་ནག་གི་ཆེས་གསང་གནད་ཆེ་བའི་ཡིག་ཆ་མོད་པོ་ཞིག་མཁོ་འདོན་སྙན་སེང་ཞུ་བཞིན་ཡོད་པ་དང་། གསང་བའི་ཡིག་ཆ་དེ་དག་གི་ཁོངས་སུ་རྡུལ་ཕྲན་མཚོན་ཆ་འཁོར་བར་སྒུལ་བའི་མ་ལག་དང་གསང་གྲངས། རྒྱ་ནག་གི་དབུ་ཁྲིད་ཚོའི་སྒེར་གྱི་འཚོ་བ་དང་བདེ་འཇགས་སྲུང་སྐྱོབ་སྐོར། རྒྱ་ནག་གི་དབུ་ཁྲིད་ཚོའི་སྡོད་གནས་ཀྲུན་ནན་ཧེ(中南海)ཡི་བདེ་འཇགས་གནས་སྟངས་སྐོར་གྱི་གནས་ཚུལ་སོགས་ཡོད་འདུག

ལེང་ཇུས་ཧྭ་གོ་ས་ནས་གནས་དབྱུང་མ་བཏང་གོང་། ཁོང་ནི་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧོའུ་ཅིན་ཐའོ་ཡི་ནང་བློན་དང་དབུས་གཞུང་སྒྲུབ་ཁང་གི་འགན་འཛིན། མཐར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་བློན་ཆེན་བཅས་ཡིན།

༢༠༡༢ ལོར། ལེང་ཇུས་ཧྭ་ཡི་བུ་ཁེར་སྐྱེས་ལོ་ན ༢༣ ཅན་གྱི་ལེང་གོའུ (令谷) ཟེར་བ་དེས་པེ་ཅིང་དུ་ཧྥ་ར་རི(Ferrari)རྟགས་ཅན་གྱི་རླངས་འཁོར་ཞིག་བསྐོར་ནས་འགྲོ་སྐབས་བསམ་ཡུལ་ལས་འདས་པའི་རླངས་འཁོར་འཕྲལ་རྐྱེན་བྱུང་ནས་སྐབས་དེར་ཤི་བ་དང་། རླངས་འཁོར་གྱི་འཕྲལ་རྐྱེན་བྱུང་སྐབས་ལེང་གོའུ་དང་མཉམ་དུ་བོད་རིགས་བུ་མོ་མཛེས་མ་གཉིས་ཡོད་པ་དང་། གཅིག་གིས་ལྭ་བ་སོགས་ཅི་ཡང་གོན་མེད་པར་གཅེར་བུ་ཡིན་ཞིང་། ཤེས་རྟོགས་བྱུང་བ་ལས་བོད་རིགས་བུ་མོ་དེ་གཉིས་ནི་བོད་རིགས་བླ་མ་ཞིག་གི་སྲས་མོ་དང་བོད་རིགས་དཔོན་པོ་མཐོ་གྲས་ཤིག་གི་བུ་མོ་ཡིན་སྐད། གནས་ཚུལ་ལ་ལའི་ནང་། སྐབས་དེར་ལེང་ཇུས་ཧྭ་ཡིས་དོན་རྐྱེན་དེ་འགེབས་ཐབས་སུ་སྲིད་འཛིན་གྱི་སྐུ་སྲུང་མདའ་ཤོག་ཆེད་གཏོང་གིས་སྲུང་སྐྱོབ་བྱས་ལུགས་བཀོད་འདུག

གསར་འགོད་པ་གྲགས་ཅན་བྷེལ གྷེར་ཙི་ཡིས་ནང་ཁུལ་གནས་ཚུལ་རྒྱུས་མངའ་ཅན་གྱི་རུས་མིང་གསང་བའི་དཔོན་རིགས་ཀྱི་སྐད་ཆ་ལུང་དྲངས་པར་གཞིགས་ན། ཨ་རིའི་གསང་བའི་ལས་ཁང་གིས་ལོ་སྔོན་མའི་སྟོན་ཀ་ནས་བཟུང་གསང་བའི་ས་གནས་ཤིག་ཏུ་ལེང་ཝན་ཁྲེང་ལ་སྲུང་སྐྱོབ་དང་འདྲི་རྩད་བྱས་ཀྱིན་ཡོད་འདུག
ལེང་ཝན་ཁྲེང་རྒྱ་ནག་གི་དམིགས་བསལ་ལས་འགན་ཅན་གྱི་གསང་མྱུལ་བའི་འཛིན་བཟུང་དང་ལྐོག་གསོད་ཀྱི་དམིསག་འབེན་དུ་བཟུང་ཡོད་པ་ཨ་རིའི་གསང་བའི་ལས་ཁུངས་དག་གིས་ཤེས་ནས། ལོ་སྔོན་པའི་སྤྱི་ཟླ ༨པར། ཕོ་བྲང་དཀར་པོས་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་བ་རེད།

དེ་མིན་སྔར་ལོའི་སྤྱི ༡༡ པའི་ནང་། རྒྱ་ནག་སྤྱི་བདེ་ལྷན་ཁང་གི་གཟིགས་སྐོར་ཚོ་ཆུང་ཞིག་ཨ་རིར་ཡོང་ནས། ཨ་རིའི་ཁཱ་ལི་ཧྥོ་ནེ་ཡ་ཡི་མངའ་སྡེའི་རྒྱལ་ས་སཱ་ཁི་ར་མན་ཊོ (Sacramento) སྤྱི་མཐུན་གཞུང་ཞིབ་བཤེར་ཁྲིམས་དཔོན་ལ་ལེང་ཝན་ཁྲེང་ཁྲིམས་ལ་གཏུགས་ཡོད་པ་དང་། གཏུག་ཡིག་ནང་ལེང་ཝན་ཁྲེང་གིས་ཨ་རི་ན་ཡོང་ཁུངས་མི་གཙང་པའི་སྒོར་མོའི་ངོ་བོ་བསྒྱུར་སླད་དངུལ་འཁྲུད་ཀྱིན་པའི་ནག་ཉེས་བཙུགས་ཡོད་ཀྱང་། གཟིགས་སྐོར་ཚོ་ཆུང་དེས་ཁྲིམས་དཔོན་ལ་འདང་ངེས་ཀྱི་བདེན་དཔང་ཞིག་ཕུལ་རྒྱུ་རེག་མེད་པ་འདྲ།
ཡང་སྔར་ལོའི་སྤྱི་ཟླ ༩ པའི་ནང་། རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་མིན་ཇན་ཀྲུའུ(孟建柱)ཝ་ཞིན་ཊིན་ལ་ཕེབས་ནས། ཨོ་བྷ་མ་གཞུང་ལ་གནོན་ཤུགས་སྤྲད་དེ་ལེང་ཝན་ཁྲེང་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་དགོས་ལུགས་ཀྱི་རེ་འདུན་བཏོན་འདུག

ཨ་རིའི་གསང་བའི་ལས་ཁང་ཁག་གིས་རྒྱ་ནག་གི་དམིགས་བསལ་ལས་འགན་ཅན་གྱི་གསང་མྱུལ་བས་ལེང་ཝན་ཁྲེང་འཚོལ་ཞིབ་བྱེད་ཀྱིན་པའི་ལས་འགུལ་དེ་ཤེས་རྗེས། ཨ་མེ་རི་ཀས་ལེང་ཝན་ཁྲེང་ལ་གསང་རྒྱ་ཆེན་པོའི་ངང་བདེ་འཇགས་སྲུང་སྐྱོབ་བྱས་ཡོད་པ་རེད།

གནས་ཚུལ་ནང་། ལེང་ཝན་ཁྲེང་ཨ་རི་གཞུང་ལ་མགོ་འདོགས་དོན་ནི་ཁོང་གི་ཕུ་པོ་ལེང་ཇུས་ཧྭ་རྒྱ་ནག་གཞུང་གི་འཛིན་བཟུང་བྱས་པས་ཡིན་ཞིང་། ལེང་ཇུས་ཧྭ་ཡིས་རྒྱ་ནག་དབུས་གཞུང་སྒྲུབ་ཁང་ནས་གསང་བའི་ངང་ནང་ཁུལ་གྱི་ཡིག་ཆ ༢༧༠༠ ཡས་མས་ཤིག་བླངས་ནས། གསང་བའི་ཡིག་ཆ་དེ་དག་ཁོང་གི་ནུ་བོ་ལེང་ཝན་ཁྲེང་གི་ལག་ཏུ་བཞག་ནས་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐབས་བྱས་འདུག

ལེང་ཝན་ཁྲེང་གིས་གསང་བའི་ཡིག་ཆ་དེ་དག་ལ་བདག་སྐྱོང་ཡག་པོ་བྱས་པ་མ་ཟད། ད་དུང་གལ་ཏེ་ཁོང་གི་ཕུ་བོ་ལེང་ཇུས་ཧྭ་འཛིན་བཟུང་བྱས་ཚེ་གསང་བའི་ཡིག་ཆ་དེ་དག་ཨ་རི་གཞུང་ལ་སྤྲོད་རྒྱུ་ཡིན་ཞེས་དེ་སྔ་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་ཡོད་པ་རེད།

ཡང་གོང་ཞུས་བྷེལ གྷེལ་ཙི་ཡི་རྩོམ་ཡིག་དེའི་ནང་། ཕོ་བྲང་དཀར་པོ་དང་། སྤྱི་མཐུན་གཞུང་བརྟག་དཔྱད་ལས་ཁང་། དབུས་གསང་བའི་ལས་དོན་ཁང་། མངའ་ཁོངས་བདེ་འཇགས་ལྷན་ཁང་སོགས་ཀྱིས་གནས་ཚུལ་དེའི་ཐད་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་མོད། འབྲེལ་ཡོད་དཔོན་རིགས་གཞན་དག་གིས་ལོ་སྔོན་མའི་དབྱར་ཀར་ལེང་ཝན་ཁྲེང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧོའུ་ཅིན་ཐའོ་ཡི“ གོ་གཉེར་ཆེན་པོ” རུ་འབོད་པའི་ལེང་ཇུས་ཧྭ་ཡིས་རྒྱལ་ཁབ་ཀྱི་གསང་དོན་ཕྱི་རུ་བཏོན་པར་དོགས་པ་ཟོས་པའི་གནས་ཚུལ་ཐོན་རྗེས་གཞི་ནས་ལེང་ཝན་ཁྲེང་གིས་ཨ་རིར་མགོ་བཏགས་ལུགས་འགྲེལ་བརྗོད་གནང་འདུག

གསང་འཕྲིན་དཔོན་རིགས་ཀྱིས། གལ་སྲིད་མ་འོངས་པའི་ཟླ་འགའི་རིང་ལེང་ཝན་ཁྲེང་གིས་མཁོ་སྤྲོད་བྱས་པའི་གསང་བའི་ཡིག་ཆ་དེ་དག་ལ་བདེན་པའི་ཆ་ཡོད་པའི་བདེན་དཔང་རེག་ཚེ། ཁོང་ནི་འདས་པའི་ལོ ༣༠འི་ནང་གི་ཨ་རིའི་གསང་འཕྲིན་ལས་རིགས་ཁྲོད་ཆེས་རིན་ཐང་ཅན་གྱི་རྒྱ་ནག་གི་ངོ་ལོག་པར་གྱུར་ངེས་ཡིན་ཞེས་བརྗོད་ཡོད་པ་དང་།  གསར་འགོད་པ་བྷེལ གྷེལ་ཙི་ཡིས་དཔོན་རིགས་གྲགས་ཅན་ཞིག་གི་སྐད་ཆ་ལུང་དྲངས་ནས་བཤད་རྒྱུར། ལེང་ཝན་ཁྲེང་ནི“གསང་འཕྲིན་ལས་རིགས་ཀྱི་བསམ་ཡུལ་ལས་འདས་པའི་ལག་ཡོང་ཞིག་ཡིན”༼  This is an intelligence windfall  ༽ཞེས་ཚོད་དཔག་བྱས་འདུག

རྒྱ་ནག་གི་ལོ་སྔོན་མའི་སྤྱི་ཟླ ༧ པར་གཞུང་འབྲེལ་ངང་ལེང་ཇུས་ཧྭ་ཏང་གི་འགྲིག་ལམ་དང་འགལ་ལུགས་དང་། གོ་དབང་གི་སྟབས་བདེ་ལ་བསྟུན་ནས་རྒྱུ་ནོར་ལྐོག་ཟ་ལྐོག་ལེན་བྱས་ལུགས། རྒྱལ་ཁབ་དང་ཏང་གི་གསང་བའི་ཡིག་ཆ་གལ་ཆེན་མང་པོ་ལྐོག་ཁྱེར་བྱས་ལུགས། བུད་མེད་མང་པོ་དང་མི་གཙང་པའི་འབྲེལ་བ་ཡོད་ལུགས། འདོད་སྲེད་དང་དབང་ཆའི་ཉོ་ཚོང་བྱས་ལུགས་སོགས་ལ་རྐྱེན་བྱས་ནས “ཟུང་གནས་དབྱུང”སྟེ་ཏང་ལས་གནས་དབྱུང་དང་གོ་ས་ནས་གནས་དབྱུང་བཏང་ཟིན་པ་དང་། ཉེས་དོན་བསགས་ཡོད་པས་འཛིན་བཟུང་བཀག་ཉར་བྱས་ཡོད་ཅེས་བསྒྲགས་པ་རེད།

ལེང་ཇུས་ཧྭ་ཡི་ཕུ་བོ་ལེང་ཀྲིན་ཚིག(令政策)ནི་དེ་སྔ་ཧྲན་ཞི་ཞིང་ཆེན་སྲིད་གྲོས་ཚོགས་གཞོན་ཡིན་ཞིང་། སྔ་ལོའི་སྤྱི་ཟླ ༦ པའི་ནང་འཛིན་བཟུང་བྱས་ཡོད་པ་རེད།

ལོ་སྔོན་པའི་སྤྱི་ཟླ ༡༢ པའི་ནང་། རྒྱ་ནག་གཞུང་གིས་ལེང་ཝན་ཁྲེང་གི་གནས་དོན་ཐད་ཨ་རི་དང་མཉམ་དུ་གྲོས་མོལ་བྱེད་ཀྱིན་ཡོད་ཚུལ་དངོས་སུ་ཁས་ལེན་བྱས་ཡོད་པ་རེད།

སྤྱི་ལོ ༢༠༡༣ལོར། ཨ་རིའི་དབུས་གསང་པའི་ལས་ཁང་གི་ལས་བྱེད་པ་སི་ནོ་ཌེན( Edward Joseph Snowden) གྱིས་ཧོང་ཀོང་ནང་འཛུལ་ཐབས་བྱས་རྗེས། ཨ་རིའི་སྤྱི་མཐུན་བརྟག་དཔྱད་ལས་ཁང་གི་ལྐོག་ཉན་བྱེད་པའི་གྲུ་ཟུར་པར་ཆས་ཀྱི་འཆར་གཞི་སྐོར་སྟེ་རྒྱལ་ཁབ་ཀྱི་གསང་བ་དབྱིན་ཇི་དང་ཨ་རིའི་གསར་འགྱུར་སྨྱན་བྱད་ཁག་ལ་བཤད་ནས་ཨ་རིའི་དབུས་གསང་བའི་ལས་ཁང་ལ་ངོ་ལོག་བྱས་ཤིང་།  དེ་དུས་སི་ནོ་ཌེན་དོན་རྐྱེན་དེ་རྒྱལ་སྤྱིའི་སྟེང་དོན་རྐྱེན་ཆེན་པོ་ཞིག་ཏུ་གྱུར་བ་དང་། སྐབས་དེར་རྒྱ་ནག་གཞུང་གིས་སི་ནོ་ཌེན་གྱི་ལག་ནས་ཁོང་ཚོར་མཁོ་བ་དང་དགོས་པའི་གསང་དོན་ཡོད་ཚད་བླངས་རྗེས། ཕྱིར་ཨ་རི་ལ་རྩིས་མ་སྤྲད་པར་ཨུ་རུ་སུ་ལ་སྤྲད་པ་རེད།

སི་ནོ་ཌེན་གྱིས་ཨ་རིའི་གསང་བ་མང་པོ་ཞིག་ཁྱེར་ཡོད་སྟབས། རྒྱལ་ཁབ་སོ་སོ་ན་ཡོད་པའི་ཨ་རིའི་གསང་ལས་པ་མང་པོ་ཞིག་གི་ཚེ་སྲོག་ལ་ཉེན་ཁར་ཐུག་པ་མ་ཟད། ཨ་རིའི་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་ཐེབས་པ་དང་། བདེ་འཇགས་ཐད་སྔར་བྱུང་མ་མྱོང་བའི་ཉེན་ཁར་ཐུག་པ་རེད།

སྐབས་དེ་དུས་རྒྱ་ནག་གིས་སི་ནོ་ཌེན་བེད་སྤྱད་ནས་ཨུ་རུ་སུ་ལ་ངོ་དགའ་བྱས་ཡོད། ཡིན་ན་ཡང་། ཕལ་ཆེར་དེ་དང་འགྲོས་མཉམ་ངང་ལེང་ཝན་ཁྲེང་གིས་རྒྱ་ནག་གི་གནད་ཆེའི་གསང་བ་འབོར་ཆེན་ཁྱེར་ནས་ཨ་རིར་མགོ་བཏགས་པ་དེ་ནི་རྒྱ་ནག་གི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་ཅི་ལ་མིན།

ཞི་ཅིན་ཕེང་གིས་འཛམ་གླིང་ཁྱོན་ཡོངས་སུ “ཝ་བདའ་ལས་འགུལ ” ཟེར་བ་ཚ་ཚ་འུར་འུར་ངང་སྤེལ་ནས་རྒྱུ་ནོར་འབོར་ཆེན་ཁྱེར་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས་པའི་དཔོན་ངན་ལྐོག་ཟ་མཁན་མོད་པོ་ཕྱིར་རྒྱ་ནག་ཏུ་ལེན་ཐབས་བྱས་དང་བྱེད་ཀྱིན་ཡོད། འོན་ཀྱང་། མ་བསམ་ས་ནས་སིན་ནོ་ཌེན་གྱི་དོ་ཟླར་ཡོང་བའི་ལེང་ཝན་ཁྲེང་གིས་རྒྱ་ནག་གི་གསང་བ་འབོར་ཆེན་ཞིག་ཁྱེར་ནས་ཨ་རིར་འབྱོར་ནས་ལོ་གཉིས་མ་ཟིན་ཙམ་ཞིག་འགྲོ་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གཅིག་བགྱིས་ན་༢༠༡༣ ལོའི་སི་ནོ་ཌེན་དོན་རྐྱེན་སྐབས་ཀྱི་རང་གི་བྱ་སྤྱོད་ལ་འགྱོད་པ་སྐྱེས་ཡོད་སྲིད། འོན་ཀྱང་འགྱོད་པ་དེ་ཕྱི་དྲགས་པ་ཞིག་རེད།

དུས་དེ་རིང་བར་དུ། མི་རྣམས་པས་ཡེ་ཆང་ཧྲིན(俞强声)ནི་ཨ་རིར་མགོ་བཏགས་པའི་རྒྱ་ནག་གི་གསང་བའི་ལས་དོན་ཁྲོད་ཀྱི་ཆེས་རིན་ཐང་ཅན་གྱི་མི་སྣ་དེ་རུ་ངོས་འཛིན་བྱས་ཡོད་ལ། ཡེ་ཆང་ཧྲིན་ནི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གི་བུ་ཡིན་ཞིང་། དེ་སྔ་རྒྱ་ནག་བདེ་འཇགས་ལྷན་ཁང་གི་ཨ་རིའི་གསང་བའི་ལས་དོན་ཚོ་ཆུང་གི་འགན་འཛིན་རེད། སྤྱི་ལོ ༡༩༨༥ལོར་ཨ་རིར་མགོ་བཏགས་པ་རེད།

དོན་རྐྱེན་དེར་རྒྱུས་མངའ་ཅན་གྱི་རྒྱ་ནག་དཔོན་རིགས་ཚོས་བཤད་ན། ཡེ་ཆང་ཧྲིན་རྗེས་སུ་རྒྱ་ནག་གི་གསང་མྱུལ་བས་ལྐོག་གསོད་བྱས་འདུག

ཡེ་ཆང་ཧྲིན་གྱི་ནུ་བོ་ནི་ད་ལྟའི་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོ་དང་། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་བདུན་གྱི་ཡ་གྱལ་ཡེ་ཀྲིན་ཧྲིན(俞正声)རེད།