
ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་དེ “ལིའུ་ཞོ་པའོ་ཐང་ཆེན” དུ་བསྒྱུར་རྒྱུར་གྲོས་ཆོད་བཞག་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས ཊེ་ཌི ཁི་རུ་ཙི (Ted Cruz) ཡིས་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ན་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོའི་མདུན་གྱི་སྲང་ལམ་གྱི་མིང་དེ “ལིའུ་ཞོ་པའོ་ཐང་ཆེན” ཞེས་བསྒྱུར་དགོས་པའི་གྲོས་གཞི་བཏོན་པར། སྤྱི་ཟླ ༢ ཚེས ༡༢ རེས་གཟའ་པ་སངས་ཉིན། ཨ་རིའི་གྲོས་ཚོགས་གོང་མས་གྲོས་གཞི་དེར་མོས་མཐུན་བྱུང་ནས་གྲོས་ཆོད་ཞོག་ཡོད་པ་རེད། རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་དེའི་མིང་ལ་ད་ལྟ་རྒྱལ་སྤྱི་ཐང་ཆེན (International PL) ཞེས་བཏགས་ཡོད་པ་རེད།
སྐུ་ཞབས་ལིའུ་ཞོ་པའོ་ལགས་དེ་སྔ ༨༩ ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་མའི་དམངས་གཙོའི་ལས་འགུལ་ནང་ཞུགས་སྟབས་རྒྱ་ནག་གཞུང་གི་འཛིན་བཟུང་བཙོན་འཇུག་བྱས་པ་དང་། དེ་ནས་སྤྱི་ལོ ༢༠༠༩ ལོར། སྐུ་ཞབས་ལིའུ་ཞོ་པའོ་ལགས་ཀྱིས་རྒྱ་ནག་དམངས་གཙོ་ཅན་དུ་བཅོས་བསྒྱུར་བྱ་རྒྱུར་སྐུལ་བའི ༼རྩ་འཛིན ༠༨ མ༽ཞེས་པའི་བསྒྲགས་གཏམ་ཟིན་བྲིས་སུ་བཏབས་པར་རྐྱེན་བྱས་ནས། རྒྱ་ནག་གཞུང་གིས “རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི ”ནག་ཉེས་བཙུགས་ནས་ལོ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། སྐུ་ཞབས་ལིའུ་ཞོ་པའོ་ལ ༢༠༠༩ ལོའི་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད།
རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་དེ་ལིའུ་ཞོ་པའོ་ཐང་ཆེན་དུ་བསྒྱུར་རྒྱུར་གྲོས་ཆོད་དེར་ངོ་རྒོལ་དང་འཇིགས་སྐུལ་བྱས་ཡོད་པ་དང་། རྒྱ་ནག་གི་ཨ་རིའི་རྒྱལ་ས་ན་ཡོད་པའི་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧེ་ཆོན་ཟེར་བས་གློག་འཕྲིན་ཞིག་བརྒྱུད་ནས་དོན་དག་དེ་དཔྱད་བརྗོད་གནང་ཡོད་པ་དང་། དེ་ཡང་ཁོང་གིས་གློག་འཕྲིན་ནང་དུ། བྱེད་སྟངས་དེ་ནི་དབྱེན་དཀྲུག་དང་བྱུང་འབྲས་དང་རེ་འདུན་གཉིས་ཕྱིན་ཅི་ལོག་ངེས་ཡིན་པས། ང་ཚོས་ཨ་རི་གཞུང་གིས་དེ་ལྟ་བུའི་ལས་དོན་རིགས་མྱུར་དུ་མཚམས་འཇོག་རྒྱུའི་རེ་སྐུལ་ནན་གྱིས་ཞུས་པ་ཡིན་ཞེས་བརྗོད་འདུག
དེ་བཞིན་སྤྱི་ལོ ༢༠༡༥ ལོའི་ཟླ ༦ ཚེས ༢༤ཉིན། ཨ་རིའི་གྲོས་ཚོགས་འོག་མའི་དངུལ་གཏོང་ཚོགས་ཆུང་གིས་ཨ་རིའི་རྒྱལ་ས་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་དེ་ལིའུ་ཞོ་པའོ་ཐང་ཆེན་དུ་བསྒྱུར་རྒྱུར་གྲོས་ཆོད་བཞག་རྗེས། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲོན་ཡིན་གྱིས་གསལ་འགོད་གསལ་བསྒྲགས་བསྐོངས་ནས། ཨ་རིའི་གྲོས་ཚོགས་འཐུས་མིའི་གྲོས་གཞི་དང་འབྲེལ་ཡོད་བྱ་སྤྱོད་རིགས་ནི་དགོད་བྲོ་བ་ཞིག་རེད་ཅེས་དང་། གཞན་རྒྱ་ནག་གཞུང་འབྲེལ་སྨྱན་བྱད ༼ གོ་ལའི་དྲྭ་རྒྱ༽ ཟེར་བས་རྒྱ་ནག་གཞུང་ཚབ་ཁང་མདུན་གྱི་སྲང་ལམ་གྱི་མིང་བརྗེ་སྤོ་ཡི་བྱ་སྤྱོད་དེ་ནི་མི་ཐ་ཤལ་གྱི་བྱ་སྤྱོད་རང་རེད། ལིའུ་ཞོ་པའོ་ནི་རྒྱ་ནག་གི་ཁྲིམས་ལུགས་ལྟར་ཁྲིམས་ཐག་བཅད་ནས་རྒྱ་ནག་གི་བཙོན་ཁང་དུ་ཉེས་ཆད་འཁུར་བཞིན་པའི་ཉེས་ཅན་པ་ཞིག་རེད། ཨ་རིའི་གྲོས་ཚོགས་འཐུས་མི་དེ་ཚོས་བཟོས་པའི་ཐལ་ཆ་ཧ་ཅང་ཆེ་བའི་ཀུ་རེ་དེ་ནི་ཅོལ་ཆུང་གི་ལས་ཤིག་ཡིན་པའི་མ་ཚད། སྐྱུག་བྲོ་པོ་ཞིག་ཀྱང་རེད། ཅེས འཕྱ་སྨོད་བྱས་ཡོད་པ་རེད།
ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། ཨ་རིའི་ཁྲིམས་བཟོ་མཁན་ཚོས་རྒྱལ་སར་དོ་དམ་གྱི་དབང་ཆ་སྤྱད་ནས་ཆབ་སྲིད་ཀྱི་རྣམ་འགྱུར་བསྟན་ཡོད་པ་དང་། དེ་ཡང་སྤྱི་ལོ ༡༩༨༤ ལོར། ཨ་རིའི་གྲོས་ཚོགས་ཀྱིས་ཨ་རིའི་རྒྱལ་ས་ན་ཡོད་པའི་ཨུ་རུ་སུ་ཡི་གཞུང་ཚབ་ཆེན་མོའི་མདུན་གྱི་སྲང་ལམ་གྱི་མིང་དེ་སཱ་ཧ་རོའུ་ཧྥི་རུ་བཅོས་བསྒྱུར་བྱས་པ་དང་། སྐུ་ཞབས་སཱ་ཧ་རོ་ཧྥི་ལགས་ནི་སྐབས་དེ་དུས་ཀྱི་ཨུ་རུ་སུ་ཡི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྩོད་མཁན་ཞིག་རེད།
ཨ་རིའི་ཆབ་སྲིད་ལས་རིགས་སུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་དེ་ལིའུ་ཞོ་པའོ་ཐང་ཆེན་དུ་བསྒྱུར་རྒྱུའི་གྲོས་གཞི་བཏོན་པའི་ཐད། རྒྱ་ནག་པ་མང་པོས་དྲྭ་རྒྱའི་སྟེང་བསམ་འཆར་འབོར་ཆེན་ཞིག་བཏོན་ཡོད་ཡོད་པ་དང་། ང་ཚོས་ཀྱང་གཅིག་མཚུངས་ཀྱི་ཐབས་ལམ་ལ་བསྟུན་ནས་རྒྱ་ནག་པེ་ཅིང་ན་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོའི་མདུན་གྱི་སྲང་ལམ་གྱི་མིང་དེ “བཙོན་མར་མནོར་གཅོད་སྲང་ལམ”ལམ། ཡང་ན “སུ་ནོ་ཌེན་སྲང་ལམ”། “ཨོ་སཱ་མ་པེན་ལཱ་ཌེན་སྲང་ལམ”། “ལེ་ཝེན་སི་ཁེ་སྲང་ལམ” སོགས་སུ་བཅོས་བསྒྱུར་ནས་འཁོན་ལན་སློག་དགོས། ཞེས་བསམ་འཆར་བཏོན་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་གོང་མའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་སྲང་ལམ་གྱི་མིང་དེ་ལིའུ་ཞོ་པའོ་ཐང་ཆེན་དུ་བསྒྱུར་རྒྱུའི་གྲོས་ཆོད་དེ་ཁྲིམས་ལུགས་སུ་གྱུར་ནས་གལ་ལེན་དུ་བསྟར་དགོས་ཚེ། ད་དུང་ཨ་རིའི་གྲོས་ཚོགས་འོག་མའི་མོས་མཐུན་དགོས་པ་མ་ཟད། མཐའ་མའི་སྲིད་འཛིན་གྱི་རྟགས་འཛུགས་ཀྱང་དགོས་པ་རེད།