ཕྱི་རྒྱལ་གྱི་དྲྭ་རྒྱ་གཏན་དུ་བཀག་པ།

0_0_440_1_70__News_20120322075652_China
རྒྱ་ནག་གི་སྨྱན་བྱད་ཡོད་ཚད་ཀྱི་རུས་མིང“ཏང”ཡིན་དགོས།

ཕྱིའི་རྒྱལ་ཁབ་ཀྱི་ཁེ་ལས་པས་རྒྱ་ནག་ནང་གནས་འཕྲིན་དྲྭ་རྒྱ་འགྲེམས་སྤེལ་གྱི་ལས་དོན་རིགས་གཉེར་མི་ཆོག་པའི་ཁྲིམས་ལུགས་གཏན་འབེབས་བྱས་འདུག
གཟའ་འཁོར་སྔོན་མར།  རྒྱ་ནག་རྒྱལ་ཁབ་གསར་འགྱུར་འགྲེམས་སྤེལ་ཀུན་ཁྱབ་རླུང་འཕྲིན་ལས་ཁང་དང་བཟོ་ལས་དང་བརྡ་འཕྲིན་ལྷན་ཁང་གཉིས་མཉམ་འབྲེལ་ངང་སྤེལ་བའི་གནས་ཚུལ་ནང་། ད་ལོའི་སྤྱི་ཟླ ༣ ཚེས ༡༠ ནས་བཟུང་། ༼དྲྭ་རྒྱ་འགྲེམས་སྤེལ་ཞབས་ཞུ་དོ་དམ་སྒྲིག་སྲོལ༽ཞེས་པའི་ཁྲིམས་ལུགས་ཤིག་དངོས་སུ་ལག་ལེན་དུ་བསྟར་རྒྱུ་ཡིན་པ་རེད།
སྒྲིག་སྲོལ་གསར་བ་དེ་ནི་རྒྱ་ནག་གཞུང་གིས་གོམ་གང་མདུན་སྤོས་ཀྱིས་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཇེ་ཞན་དུ་གཏོང་ཐབས་ཤིག་ལ་མི་རྣམས་པས་ངོས་འཛིན་བྱས་ཡོད། སྔོན་ཆད་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་དྲྭ་ཚུགས་མང་པོ་བཙན་དབང་གིས་སྒྲུབ་འགོག་ནག་སུབས་གཏོང་གི་ཡོད་ལ། རྒྱ་ནག་རང་གི་དྲྭ་ཚུགས་མང་པོར་དུས་རྒྱུན་དུ་བཏང་འཛིན་ནན་མོ་བྱས་ཡོད་པ་རེད།

གསར་དུ་བསྒྲགས་པའི་དྲྭ་རྒྱ་དོ་དམ་གྱི་སྒྲིག་སྲོལ་དེའི་དོན་ཚན་དགུ་བའི་ནང་། དྲྭ་རྒྱ་འགྲེམས་སྤེལ་ལས་ཁུངས་ཀྱི་འགན་ལེན་མི་སྣ་དེ་ངེས་པར་དུ་རྒྱ་ནག་ནང་གཏན་སྡོད་ཀྱི་རྒྱ་ནག་གི་མི་སེར་ཡིན་དགོས་ཞེས་དང་། དེ་བཞིན་དོན་ཚན་བཅུ་པའི་ནང་། ཕྱི་རྒྱལ་དང་མ་རྩ་མཉམ་བཞག་གིས་བདག་གཉེར་དང་། ཕྱི་རྒྱལ་དང་མཉམ་ལས་བདག་གཉེར། ཕྱིའི་མ་རྩས་བདག་གཉེར་བྱེད་པའི་ལས་ཁུངས་དག་གིས་དྲྭ་རྒྱ་འགྲེམས་སྤེལ་བྱས་མི་ཆོག་ཅེས་གཏན་འབེབས་བྱས་པའི་མ་ཚད། སྒྲིག་སྲོལ་དང་མཐུན་པའི་དྲྭ་རྒྱ་འགྲེམས་སྤེལ་བྱེད་མཁན་དག་གིས་གལ་ཏེ་ཕྱིའི་མ་རྩ་ཡང་ན་མཉམ་ལས་ལས་ཁུངས་དག་དང་དྲྭ་རྒྱ་འགྲེམས་སྤེལ་ལས་དོན་མཉམ་ལས་བྱེད་འདོད་ཡོད་ཚེ། ལས་དོན་མ་སྤེལ་བའི་སྔོན་དུ་ངེས་པར་དུ་གསར་འགྱུར་འགྲེམས་སྤེལ་ཀུན་ཁྱབ་རླུང་འཕྲིན་ལས་ཁང་ལ་ཆོག་མཆན་ཞུ་དགོས་ཞེས་བཀོད་ཡོད་པ་རེད། དེ་བཞིན་ཞབས་ཞུ་འཕྲུལ་ཆས་དང་གསོག་འཇོག་འཕྲུལ་ཆས་དག་ངེས་པར་དུ་རྒྱ་ནག་ནང་ཁུལ་དུ་འཇོག་དགོས་ཞེས་ཀྱང་བཀོད་ཡོད་པ་རེད།

སྤྱི་ལོ ༢༠༠༡ ལོར་རྒྱ་ནག་འཛམ་གླིང་ཚོང་ལས་སྒྲིག་འཛུགས་ནང་ཞུགས་སྐབས་ཁས་ལེན་བྱས་པར་གཞིགས་ན། རྒྱ་ནག་གཞུང་གིས་ཕྱིའི་མ་རྩས་རྒྱ་ནག་ནང་དུ་བརྡ་འཕྲིན་ཞབས་ཞུའི་ལས་དོན་རིགས་སྤེལ་ན་དེ་བཀག་འགོག་བྱས་ཆོག་གི་མེད་པ་རེད།

དྲྭ་རྒྱ་ལས་གསལ་བའི་བསྡོམས་རྩིས་ལྟར་ན། སྤྱི་ལོ ༢༠༡༤ ལོར། རྒྱ་ནག་ནང་དུ་ཕྱི་རྒྱལ་དང་མ་རྩ་མཉམ་བཞག་གི་ཁེ་ལས་སུམ་ཅུ་ལྷག་ལས་མེད་པ་དང་། ད་ལྟ་བཤད་དཀའ་བ་ཞིག་ནི། སྒྲིག་སྲོལ་དེ་དངོས་སུ་ལག་བསྟར་བྱས་རྗེས། ཁེ་ལས་དེ་གི་ལས་དོན་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་རྒྱུ་དེ་རེད།

ད་ལྟ་ཕྱིའི་རྒྱལ་ཁབ་ཁག་གི་དྲྭ་རྒྱ་དང་། གསར་འགྱུར་ལས་ཁང་མང་པོ་ཞིག་འཛམ་གླིང་སྟེང་མི་གྲངས་མི་ཤོས་ཀྱི་རྒྱ་ནག་གི་ཁྲོམ་རར་ཧམ་པ་ཤོར་ཡོད། རོ་ཡེ་ཊིར་གསར་ལས་ཁང་། བྷི་ལོམ་བྷིར་གསར་ལས་ཁང་། དངུལ་རྩ་དུས་བབ། བོལ་སྲང་ལམ་ཉིན་རེའི་ཚགས་པར། ནིའུ་ཡོག་དུས་བབ་སོགས་ཀྱིས་མ་རྩ་འབོར་ཆེན་བཞག་ནས་རྒྱ་ཡིག་གི་དྲྭ་ངོས་བཟོ་སྒྲིག་བྱས་ཡོད་མོད། འོན་ཀྱང་། སྨྱན་བྱད་དེ་དག་གི་ཞབས་ཞུ་འཕྲུལ་ཆས་རྒྱ་ནག་ཕྱི་རོལ་ན་ཡོད་སྟབས། རྒྱ་ནག་གཞུང་གིས་དུས་ནས་དུས་སུ་སྒྲིབ་འགོག་ནག་སུབས་བྱས་དང་བྱེད་ཀྱིན་པ་རེད།

དེ་བཞིན་ཀུ་ཤུ་དང་ཨ་མི་ཙོན་གཉིས་ཀྱིས་མ་རྩ་མཉམ་འཇོག་གི་རྣམ་པས་རྒྱ་ནག་ནང་གནས་འཕྲིན་དྲྭ་རྒྱ་གཉེར་ཡོད་ལ་ཞབས་ཞུ་འཕྲུལ་ཆས་ཀྱང་རྒྱ་ནག་ནང་ན་ཡོད། སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་དེ་ཧྥེ་སི་བྷོ་ཁི་འམ་ངོ་དེབ་ཞེས་པ་དེ་གནའ་ནས་ད་བར་དུ་རྒྱ་ནག་གཞུང་གི་བཀག་འགོག་བྱས་ཡོད། གྷུ་གྷོལ་ཡང་བསྐྱར་རྒྱ་ནག་ནང་འགྲོ་ཐབས་བྱེད་ཀྱིན་པའི་གནས་ཚུལ་གོ་ནས་ལོ་ཕྱེད་ལྷག་ཕྱིན་སོང་།

འཇར་མན་གྱི་མི་རེ་ཁཱ་སི་རྒྱ་ནག་ཞིབ་འཇུ་ལྟེ་གནས་ཀྱི་ཞིབ་འཇུག་པ་ལྕམ་མཱ་རེ་ཁི ཨོལ་བྷིག་གིས་རྒྱ་ནག་གཞུང་གིས་སྲོལ་རྒྱུན་སྨྱན་བྱད་རིགས་ལ་བཏང་འཛིན་ནན་མོ་བྱེད་ཀྱིན་ཡོད། གནས་འཕྲིན་དྲྭ་རྒྱས་སྨྱན་བྱད་ཀྱི་རྣམ་པ་གསར་བ་མང་པོ་ཁྱེར་ཡོང་དུས། རྒྱ་ནག་གཞུང་གིས་གསར་དུ་གཏན་འབེབས་བྱས་པའི་སྒྲིག་སྲོལ་དེའི་དམིགས་ཡུལ་ནི་སྨྱན་བྱད་གསར་བ་དེའི་རིགས་བཏང་འཛིན་མ་ལག་ནང་འཇུག་ཐབས་ཀྱི་སླད་དུ་རེད། ཉེ་སྔོན་རྒྱ་ནག་ཝོ་ཀྲིན་དུ་བསྐོངས་པའི་འཛམ་གླིང་གནས་འཕྲིན་དྲྭ་རྒྱའི་ཚོགས་ཆེན་སྟེང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་སྲ་མཁྲེགས་ཅན་གྱི་ལྟ་བ་བཏོན་ཡོད་ལ། དེ་ཡང་ཁོང་གིས། རྒྱ་ཁབ་ཚང་མར་རང་གི་རྒྱལ་ཁབ་ནང་དུ་གནས་འཕྲིན་དྲྭ་རྒྱར་དོ་དམ་བྱེད་རྒྱུའི་དབང་ཆ་ཡོད་ལ། དགོས་ངེས་ལ་ཐུག་ཚེ་བཏང་འཛིན་ནན་མོ་བྱས་ཀྱང་ཆོག་ཅེས་བཤད་ཡོད་པ་རེད། དེ་རིང་གི་སྒྲིག་སྲོལ་གསར་པ་དེ་ཞི་ཅིན་ཕེང་གིས་རང་ཉིད་ཀྱི་ལྟ་བ་དེ་དངོས་སུ་ལག་ལེན་དུ་བསྟར་བར་གོ་ཆོག དེ་རིང་གི་རྒྱ་ནག་གིས་མི་མངོན་གྲགས་མེད་ངང་ཞིབ་བཤེར་དང་བཏང་འཛིན་མི་བྱེད་པར། མངོན་གསལ་དོད་པོའི་ངང་སྤེལ་གྱིན་ཡོད། དེ་དང་འགྲོས་མཉམ་ངང་ཁྲིམས་ལུགས་སྒྲིག་སྲོལ་རིགས་གཏན་ལ་ཕབ་པ་བརྒྱུད། རྒྱ་ནག་གི་དྲྭ་རྒྱའི་བདག་དབང་ནན་གྱི་བསྒྲགས་ཀྱིན་ཡོད། ཅེས་ལྟ་ཚུལ་བཏོན་འདུག