
སྤྱི་ཟླ ༣ ཚེས ༥ཉིན་གྱི་སྔ་དྲོད། སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མི་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེལ་གྷོབ་བོད་མིའི་གཞིས་ཆགས་ཀྱི་མི་དམངས་ཚོགས་ཁང་དུ་བྷེལ་གྷོབ་ཀྱི་སེར་སྐྱ་མི་མང་ལ་སྐབས་བཅུ་བཞི་བའི་བཀའ་ཤག་གིས ༧སྤྱི་ནོར ༧གོང་ས་མཆོག་གི་ལམ་སྟོན་ཐུགས་དགོངས་དང་མཐུན་པའི་བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་གསུམ་སྟེ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོའི་སྲིད་ཇུས་གཞིར་བཟུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་དང་དཔལ་འབྱོར་སོགས་ཀྱི་ཐད་ཧུར་བརྩོན་ལྷོད་མེད་ཀྱིས་ཞབས་ཞུ་གང་ཐུབ་ཅི་ཐུབ་བྱས་ནས ༧གོང་ས་མཆོག་ཐུགས་དགྱེས་ཐག་ཆོད་དང་སྤྲོ་ཐག་ཆོད་ཡོད་ཅེས་པ་དང་སྦྲགས། ཁོང་ལ་སྐྱོན་འཛུགས་ཁ་ཤས་ལ་གསལ་བཤད་གནང་ཡོད་པ་དང་། ལྷག་པར་དུ་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་མི་དང་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དུས་འཁོར་དབང་ཆེན་ཕྱིར་འགྱངས་དང་འབྲེལ་བའི་སྤྱི་ལོ ༢༠༡༥ ལོའི་ཟླ ༨ པའི་ཚེས ༢༧ དང ༢༨ གཉིས་ལ་དགའ་ལྡན་ཕོ་བྲང་གིས་བཀའ་ཤག་ལ་བཀའ་ཅི་ཞིག་བསྩལ་ཡོད་མེད་དང་། དེ་བཞིན་དུ་བཀའ་ཤག་གི་གང་ཞིག་ཞུས་ཡོད་མེད་སོགས་ཀྱི་དོགས་གཞིའི་ཐད་སྲིད་སྐྱོང་འོས་མི་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆིག་གིས། ཟླ་བརྒྱད་པའི་ཚེས ༢༧ དང ༢༨ ལ་བཀའ་ཤག་གིས་ཡར་དགའ་ལྡན་ཕོ་བྲང་ལ་ཅི་ཡང་ཞུས་མེད་ལ། དགའ་ལྡན་ཕོ་བྲང་གིས་ཀྱང་མར་བཀའ་ཤག་ལ་གང་ཅི་གསུང་མ་སོང་། ཞེས་གསལ་བཤད་གནང་འདུག
དེ་བཞིན་དུ་ད་བར་དུ་བོད་རྒྱ་གྲོས་མོལ་མཚམས་ཆད་ཡོད་པ་དང་། གྲོས་མོལ་སྐུ་ཚབ་ཀྱང་ད་བར་དུ་བསྐོ་བཞག་གནང་མེད་པའི་ཐད་སྲིད་སྐྱོང་མཆོག་གིས་གསུང་རྒྱུར། ལོ་གཉིས་དང་ཕྱེད་ཀའི་རིང་སྐུ་ཚབ་རྣམ་པ་གཉིས་ཀྱིས་འབད་བརྩོན་གནང་ཡང་ཕེབས་ཐུབ་མ་སོང་། དེ་སྔའི་བཀའ་ཤག་དང་ད་ལྟའི་བཀའ་ཤག་གཉིས་ཀའི་སྐབས་ཕེབས་མ་ཐུབ་པ་རེད། ཡིན་ན་ཡང་། ད་ལྟའི་བཀའ་ཤག་གིས་སྤྱི་ལོ ༢༠༡༢ ཟླ ༦ པ་ནས་བཟུང་། འབད་བརྩོན་གནང་མུས་སུ་ཡོད། ང་ཚོ་བཀའ་ཤག་གིས་གསལ་བཤད་གནང་བ་ཇི་བཞིན། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེན་པོ་རེད་ཅེས་པ་ལྟར། ང་ཚོའི་ངོས་ནས་ག་དུས་ཡིན་ཡང་ག་བ་ཡིན་ཡང་གྲ་སྒྲིག་ཨང་གསར་ཡིན་ཞེས་གསུངས་འདུག
ཐེངས་འདིའི་སྲིད་སྐྱོང་འོས་མའི་བདམ་རྩོད་ཀྱི་ལས་འགུལ་དེ་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། དེའི་རྗེས་སུ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་དང་། གོ་ལེ་སྒར། ཧོན་སོར་བཅས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་མའི་གཞིས་ཆགས་ཁག་གསུམ་དུ་འོས་བསྡུ་གདམ་རྩོད་ཀྱི་ལས་དོན་སྤེལ་འཆར་ཡོད་པ་རེད།