རྒྱལ་བ་ཀརྨ་པ་མཆོག་གིས་བོད་མིའི་རང་ལུས་མེ་སྲེག་མི་བྱེད་རྒྱུར་འབོད་སྐུལ་གནང་འདུག

karmapa102_v-ARDFotogalerie.jpg
རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག

དེ་ཡང་ཟླ་བ་སྔོན་མའི་ཚེས ༢༩ ཉིན་བོད་གཞིས་བྱེས་གཉིས་སུ་བོད་མི་ན་གཞོན་གཉིས་ཀྱིས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་ནས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་དབང་བསྒྱུར་ལ་ངོ་རྒོལ་བྱས་ཡོད་པ་རེད། ཡིད་སྐྱོ་བའི་གནས་ཚུལ་དེ་བྱུང་རྗེས་བྱེས་སུ་བཞུགས་པའི་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཁོང་གི་ངོ་དེབ་བརྒྱུད་ཟླ ༣ ཚེས ༤ ཉིན་བོད་མིའི་རང་ལུས་མེ་སྲེག་མི་བྱེད་རྒྱུར་འབོད་སྐུལ་ཞུས་ཡོད་པ་དང་། དེ་ཡང་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་འཕྲིན་དུ་བཀོད་དོན་དུ།  
གཟའ་འཁོར་འདིའི་ནང་བོད་ཕྱི་ནང་གཉིས་ཀར་ལོ་ཆུང་བྱིས་པ་རེ་རང་སྲེག་བཏང་འདུག སེམས་ལ་ན་ཟུག་ཆེས་ཆེར་སློང་བའི་གནས་ཚུལ་འདི་དག་རྣ་བར་ཐོས་དུས། བཟོད་ཐབས་བྲལ་ཏེ་སླར་ཡང་གཞིས་བྱེས་བོད་མི་སྤུན་ཟླ་ཡོངས་ལ་འབོད་སྐུལ་ཞིག་ཞུ་འདོད་བྱུང་། ༢༠༠༩ ལོ་ནས་ད་བར་བོད་ཕྱི་ནང་དུ་བོད་མི་བརྒྱ་ཕྲག་དང་ཕྱེད་ལ་ཉེ་བས་གཅེས་པའི་རང་ལུས་ཞུགས་སུ་ཕུལ་ཏེ་ཚད་མཐོའི་ལས་འགུལ་ཤུགས་ཆེར་སྤེལ་མོད། འོན་ཀྱང་མིག་སྔར་དེ་ལ་ཐོབ་འོས་པའི་སེམས་ཁུར་དང་། ཚེ་སྲོག་ལ་རིན་ཐང་དང་བརྩི་འཇོག །དེ་བཞིན་ཁོང་ཚོས་རང་སྲེག་གཏོང་བའི་རྒྱུ་རྐྱེན་དང་མངོན་འདོད་གང་ཡིན་ལ་དོ་ཁུར་བྱེད་མཁན་རྒྱལ་སྤྱི་དང་རྒྱལ་ཁབ་གང་ཡང་ཕལ་ཆེར་བྱུང་མེད་པའི་ཚོད་ཙམ་རེད། བོད་མི་ནང་ཁུལ་དུའང་དང་པོ་ཉིན་ཤས་རིང་དཔའ་བོ་རེད། དཔའ་མོ་རེད། ཧ་ལས་པ་རེད་ཟེར་ནས་འུར་སྒྲོག་བྱེད་པ་ཙམ་གྱིས་མི་ཕན་པར། རང་སྲེག་གཏོང་མཁན་གྱི་ལུས་ཀྱི་ན་ཚ། ཤུལ་ལུས་ནང་མི་ཚོའི་སེམས་ཀྱི་སྡུག་བསྔལ། བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་གནོད་ཅི་ཡོང་ཐད་བསམ་གཞིགས་གཏིང་ཟབ་བྱེད་རྒྱུ་གལ་ཆེན་པོ་རེད། ངའི་ངོས་ནས་མགོ་ནག་བོད་མི་གཅིག་ཡིན་ཡང་མུ་མཐུད་བདེ་ཐང་ངང་གསོན་གནས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།

བོད་ཡུལ་ནི་དེ་འདྲའི་རྒྱ་ཆེ་བ་ཞིག་ཡིན་ཡང་། བོད་པ་ནི་གྲངས་ཉུང་མི་རིགས་ཤིག་ཡིན་པས་བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་ཀྱི་སླད་བོད་མི་རེ་རེ་ཡང་གསོན་པོར་འཚོ་རྒྱུ་ནི་ཧ་ཅང་གལ་གནད་ཆེ་ཞིང་། ལྷག་པར་རང་སྲེག་གཏོང་མཁན་ཕལ་ཆེར་ན་གཞོན་ཤ་སྟག་རེད་ལ། ཁོང་ཚོ་ནི་འབྱུང་འགྱུར་གྱི་རེ་བ་དང་སོན་རྩ་ཡིན་པས། འདི་ལྟར་ཚེ་སྲོག་གི་འགྲོ་གྲོན་བར་མེད་དུ་འགྲོ་བ་ནི་བོད་སྤྱི་ལ་མཚོན་ན་གྱོང་གུད་ཚབས་ཆེན་ཞིག་རེད།

ང་ཚོས་ཕ་ཡུལ་གྱི་མ་འོངས་པ་དང་། མི་རིགས་ཀྱི་དཀའ་སྡུག་སེལ་བའི་ཆེད་དུ་དབུགས་ཀྱི་རྒྱུ་བ་གཅིག་ཡིན་ཡང་གཅེས་སྤྲས་དང་། ཆུ་ཚོད་སྐར་མ་གཅིག་ཡིན་ཡང་དམ་འཛིན་གྱིས། ཕུ་ནུ་ནང་མཐུན། སྤྱི་སེམས་གོང་སྤེལ། རྙིང་ཞེན་གུ་དོགས་ཀྱི་བློ་སྤངས་ཏེ། གནའ་དེང་གི་ཤེས་ཡོན་ལ་འབུར་དུ་ཐོན་པའི་གྲུབ་འབྲས་ཐོབ་པ་བྱས་ཏེ། ནམ་ཞིག་བོད་མི་རྣམས་རང་གི་རྐང་ཐོག་ཏུ་རང་ཉིད་ལངས་ཐུབ་པ་ཞིག་བྱུང་ན་གཞི་ནས་རང་རེའི་འདོད་དོན་འགྲུབ་ངེས་རེད་སྙམ། ཞེས་འབོད་སྐུལ་ནན་མོ་ཞུས་ཡོད་པ་རེད།

དེ་བཞིན་དུ་སྤྱི་ལོ ༢༠༠༩ ལོའི་ཟླ ༡༡ ཚེས ༩ ཉིན། རྒྱལ་བ་ཀརྨ་པ་མཆོག་གིས་བོད་མི་ཚོས་རང་ལུས་མེ་སྲེག་མཚམས་འཇོག་རྒྱུར་བརྙན་འཕྲིན་བརྒྱུད་འབོད་སྐུལ་གནང་ཡོད་པ་ཡི་གེར་བཀོད་པ་གཤམ་གསལ།

བོད་མི་ཚོས་ཀྱང་ནང་པ་སངས་རྒྱས་པའི་ཚེ་སྲོག་ལ་རིན་ཐང་ཆེན་པོ་ཞིག་རྩི་བཞིན་པ་ནང་བཞིན། ང་རང་ཚོའི་མ་འོངས་པའི་ཕུགས་རྒྱང་རིང་པོའི་ཁེ་ཕན་གྱི་ཆེད་དུ། ངེས་པར་དུ་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་བྱེད་དགོས་པ་དང་། ལྷག་པར་དུ་འཛམ་གླིང་ཐོག་གི་བོད་མི་ཡོངས་རྫོགས་བསྡོམས་པ་ཡིན་ཡང་ཡ་ས་དྲུག་མ་གཏོགས་ཡོད་མ་རེད། བྱས་ཙང་བོད་མི་གཅིག་དོན་ཕན་ལྡན་པའི་ཐོག་གསོན་གནས་བྱུང་ཐུབ་པ་བྱུང་ཚེ། གཞི་ནས་བོད་ལ་མ་འོངས་པར་བདེ་སྐྱིད་ཀྱི་དཔལ་ཡོན་ཞིག་བསྐྲུན་ཐུབ་རྒྱུ་བསམ་བཞིན་འདུག དེ་འདྲ་ཡིན་དུས། བོད་མི་ཚོས་ཚང་མའི་ངོས་ནས་དགེ་མཚན་ལྡན་པ་དང་དེ་བཞིན་དུ་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་བཙལ་ནས་བོད་ཀྱི་ལས་དོན་བསྒྲུབ་རོགས་གནོངས་ཞུས་པ་ཡིན།