རྒྱལ་སྤྱི་ཤུགས་ལྡན་ཚོགས་པས ༧གོང་ས་མཆོག་ལ་ངོ་རྒོལ་མི་བྱེད་ཟེར།

Screen Shot 2016-03-12 at 17.02.18.png
ཤུགས་ལྡན་པ་ཚོས༧གོང་ས་མཆོག་ལ་མཚན་དམས་དང་ངོ་རྒོལ་བྱེད་ཀྱིན་པའི་ཚུལ།

འཛམ་གླིང་གང་སར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་དམས་དང་ངོ་རྒོད་བྱེད་མཁན་རྒྱལ་སྤྱི་ཤུགས་ལྡན་ཚོགས་པ་ཟེར་པས་གསལ་བསྒྲགས་སྤེལ་ནས། ཁོང་ཚོས་ད་ལོའི་སྤྱི་ཟླ ༣ ཚེས ༡༠ ནས་བཟུང ༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་རྒྱུ་མ་ཟད། ཚོགས་པ་དེ་རྩ་གྲོལ་ཁ་གཏོར་བ་ཡིན་ཟེར།

དེ་ཡང་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བའི་འགན་འཛིན་གྱིས་སྤྱི་ཚེས ༡༠ ཉིན་རྩ་འཛུགས་དེའི་དྲྭ་རྒྱའི་སྟེང་སྤེལ་བའི་གསལ་བསྒྲགས་ནང་། ༧གོང་ས་ཏཱ་ལའི་བླ་མར་ངོ་རྒོལ་ཆེད་རྩ་འཛུགས་ཀྱི་ལས་དོན་ཡོངས་སུ་མཚམས་འཇོག་རྒྱུ་ཡིན་ཞེས་བཀོད་ཡོད་པ་དང་། དེ་བཞིན་གསལ་བསྒྲགས་དེའི་ནང་། ཁོང་ཚོས་ད་ལོའི་སྤྱི་ཟླ ༣ ཚེས ༡༠ ནས་བཟུང ༧གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་རྒྱུ་མ་ཟད། ཚོགས་པ་དེ་རྩ་གྲོལ་ཁ་གཏོར་བ་ཡིན་ཞེས་བཀོད་འདུག

གནས་ཚུལ་ལས་ཤེས་རྟོགས་བྱུང་བ་ཞིག་ལ། གསལ་བསྒྲགས་དེ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བའི་མགྲིན་ཚབ་པ Len Foley ཟེར་བའི་མིང་ཐོག་ནས་སྤེལ་ཡོད་པ་དང་། རོ་ཡེ་ཊིར་གསལ་ལས་ཁང་གི་གསལ་འགོད་པས Len Foley དང་ཁ་པར་བརྒྱུད་འབྲེལ་བ་བྱེད་ཐབས་བྱས་ཀྱང་། ཁ་པར་ཨང་གྲངས་དེ་བཅད་ཟིན་པའི་བརྡ་ལན་སྤྲད་ཡོད་པ་རེད།
དེ་ནས་རོ་ཡེ་ཊིར་གསར་ལས་ཁང་གི་གསལ་འགོད་པས ༧གོང་ས་མཆོག་ལ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པས་ཁྱེད་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་བཞག་ཟིན་པའི་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐད་གང་ཉིད་ཀྱིས་མཁྱེན་རྟོགས་ཡོད་མེད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་རྩ་གྲོལ་ཁ་གཏོར་རྒྱུ་ཐག་གཅོད་བྱས་པ་ཤེས་ཡོད། ཡིན་ན་ཡང་ངོས་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་དགོས་དོན་དེ་རོ་ཡེ་ཊིར་གསར་ལས་ཁང་གིས་དངོས་ཡོད་གནས་ཚུལ་ཆ་ཚང་བ་ཞིག་དང་མཐིལ་ཕྱིན་པ་ཞིག་ཞིབ་འཇུག་གིས་གསལ་སྟོན་བྱས་པ་དེ་ཡིན་རྒྱུ་རེད་བསམ་བྱུང་། ཞེས་བཀའ་ལན་གནང་འདུག

སྤྱི་ལོ ༢༠༠༤ལོ་ནས་བཟུང་། ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡ་མངའ་སྡེ་རུ་བྱམས་བརྩེའི་རྩ་འཛུགས་ཀྱི་མིང་ཐོག་ཐོ་འགོད་བྱས་པའི་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བས ༧གོང་ས་མཆོག་ནུབ་ཕྱོགས་རྒྱལ་ཁབ་གང་དུ་ཕེབས་ཀྱང་དེ་གར་ངོ་རྒོལ་དང་མཚན་དམས་ཞུས་ཡོད་པ་དང་། བོད་མི་ཚོས་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པའི་རྒྱབ་ན་རྒྱ་ནག་གཞུང་ཡོད་པར་ཡིད་ཆེས་བྱས་ཡོད་པ་རེད།

རྒྱལ་སྤྱིའི་ཤུགས་ཚོགས་པའི་བྱ་སྤྱོད་དང་དེའི་རྒྱབ་ན་བོད་མི་ཚོས་དོགས་པ་ཟས་པ་ནང་བཞིན་རྒྱ་ནག་གཞུང་ཡོད་མེད་རྒྱུས་ལོན་བྱེད་རྒྱུའི་ཆེད་དུ་རོ་ཡེ་ཊིར་གསར་ལས་ཁང་གིས་ལོ་འགའི་རིང་ཞིབ་འཇུག་བྱས་མཐར། ལོ་སྔོན་མའི་སྤྱི་ཟླ ༡༢ པའི་ནང་སྙན་ཐོ་ཞིག་བཏོན་ནས། རྒྱལ་སྤྱི་ཤུགས་ལྡན་ཚོགས་པ་ཟེར་བ་དེར་རྒྱ་ནག་གཞུང་གིས་རྒྱབ་ན་དཔལ་འབྱོར་གྱི་རོགས་སྐྱོར་བྱས་ནས ༧གོང་ས་མཆོག་གི་རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཆེད་ངོ་རྒོལ་དང་མཚན་དམས་ཀྱི་ལས་འགུལ་སྤེལ་རྒྱུར་སྐུལ་འདེད་བྱས་ཡོད་པའི་སྐོར་གཞུང་གི་ཡིག་ཆ་སོགས་ལས་བདེན་རྟགས་ར་སྤྲོད་བྱས་ཡོད་པ་རེད།