
ལིའུ་ཡེ་ཀྲིང(刘以正)སྤྱི་ལོ ༡༩༩༦ ལོར་སྐྱེས་ན་ཡང་། ཁོང་གིས་བཏོན་པའི་ཧོང་ཀོང་རྒྱ་ནག་ནས་རང་བཙན་བྱེད་དགོས་པའི་ལྟ་བ་ལངས་ཕྱོགས་དེ་ཕྱིར ༡༩༨༤ ལོར་དེད་ནས་ཕྱི་ལྟ་ཞིག་མ་བལྟས་རང་བལྟས་ཆགས་ཡོད། སྐབས་དེར། དབྱིན་ཇུ་དང་རྒྱ་ནག་གཉིས་ཀས་མི་སེར་སྤེལ་ཡུལ་གྱི་ཧོང་ཀོང་དེ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་རྒྱུའི་གྲོས་ཆོད་བཞག་པ་རེད། ཡིན་ན་ཡང་ཧོང་ཀོང་དེ་གྲོས་མོལ་བྱེད་ཡུལ་ཕྱོགས་གསུམ་པར་བཞག་མེད།
ཧོང་ཀོང་གི་བདག་དབང་དེ་སྤྱི་ལོ ༡༩༩༧ ལོར་སྤྲོད་ལེན་བྱས་པ་རེད། ལོ ༢༠ ཡི་རྗེས་སུ། ལེའུ་ཡེ་ཀྲིང་གིས་ཁོང་དང་གཞོན་སྐྱེས་མང་པོ་ཞིག་རྒྱ་ནག་གི་ཁས་ལེན་དམ་བཅའ་ལ་ཡིད་ཆེས་དཀའ་བས་ཡིད་འཆུས་ཡོད་ཟེར། ཁོང་ཚོ་ཡིད་འཆུས་ས་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པའི་ལམ་སྲོལ་ལྟར་ཧོང་ཀོང་གི་མི་སེར་རང་དབང་ཐོབ་ཐང་དང་འཚོ་བའི་རྣམ་པ་ལོ ༥༠ ལ་མི་འགྱུར་ཞེས་པ་དེ་རེད།
ལེའུ་ཡེ་ཀྲིང་གིས་སྤྱི་ཟླ ༣ ཚེས ༡༠ ཉིན་གྱི་བཅར་འདྲི་སྐབས། རྒྱ་ནག་གཞུང་དམ་བཅའ་བའི་ཚིག་ཐོག་ནས་མ་བསྡད་པར་ཧོང་ཀོང་བའི་ལས་དོན་ལ་ཐེ་ཇུས་བྱས་པ་དང་། ཧོང་ཀོང་བ་ཚོར་རང་གི་འཛིན་སྐྱོང་དབུ་ཁྲིད་འདེམས་བསྐོའི་ལས་དོན་ཁྲོད་ཁོར་ཚོར་སྨྲ་བརྗོད་ཀྱི་ཐོབ་ཐང་ཅུང་ཆེ་བ་དགོས་པའི་རེ་འདུན་ལ་ངེས་ལེན་བྱས་མེད།
ལིའུ་ཡེ་ཀྲིང་གིས་ཁོང་དང་ཧོང་ཀོང་གི་ན་གཞོན་གཞན་ཚོས་རང་ཉིད་རྒྱ་ནག་པ་ཞིག་མིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ལ། དེ་དང་མཉམ་དུ་རང་ཉིད་ནི་ཐུན་མོང་མ་ཡིན་པའི་ཧོང་ཀོང་བའི་ངོ་བོ་ཅན་ཞིག་ལ་ངོས་འཛིན་བྱས་ཡོད། གལ་ཏེ་མི་ཞིག་གིས་ང་ལ་ཁྱེད་རང་རྒྱ་ནག་པ་ཡིན་ནམ་ཞེ་ན། ངས “ ང་རྒྱ་ནག་པ་མིན། ཧོང་ཀོང་བ་ཡིན ” ཞེས་ལན་འདེབས་ངེས་ཡིན་ཞེས་བརྗོད་འདུག
རྒྱུ་མཚན་དེའི་དབང་གིས། ལིའུ་ཡེ་ཀྲིང་དང་གཞན་ཧོང་ཀོང་གཙུག་ལག་སློབ་ཆེན་གྱི་སློབ་མ ༡༢ ཡིས༼ཞུ་ཡོན༽《学苑》ཞེས་པའི་དུས་དེབ་དེའི་འདོན་ཐེངས་གསར་ཤོས་ནང་། སྤྱི་ལོ ༢༠༤༧ ལོར་ཧོང་ཀོང་གིས་རང་བཙན་གསལ་བསྒྲགས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། སྤྱི་ཚེས ༡༣ ཉིན་དྲྭ་རྒྱའི་སྟེང་སྤེལ་བའི་བསྒྲགས་གཏམ་དེའི་ནང་། ཁོང་ཚོས་དེ་འདྲའི་བསྒྲགས་གཏམ་སྤེལ་དོན་གྱི་རྒྱུ་མཚན་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམངས་གཙོའི་ཐོབ་ཐང་ཅུང་གུ་ཡངས་ཤིག་སྤྲོད་རྒྱུར་ཁས་ལེན་མ་བྱས་པས་ཡིན་ཞེས་བཀོད་འདུག
བསྒྲགས་གཏམ་དེའི་ནང་། “ཆར་གདུགས་གསར་བརྗེ་ནི་ང་ཚོའི་ཤུགས་ཟད་སྐད་འཛེར་གྱི་ངུ་འབོད་དེ་ཡིན”ཞེས་བཀོད་འདུག འདི་ཀར་བརྗོད་པའི་ཆར་གདུགས་གསར་བརྗེ་ཞེས་པ་དེ་ནི ༢༠༡༤ ལོར་ཧོང་ཀོང་མི་མང་གིས་རང་དབང་ཅན་གྱི་འདེམས་བསྐོ་ཞིག་རྩོད་ལེན་བྱེད་རྒྱུའི་ཆེད་དུ་སྤེལ་བའི་ཉེན ༧༩ རིང་གི་སྲང་མགོ་ལམ་མདོའི་ངོ་རྒོལ་ལས་འགུལ་དེ་རེད།
“ང་ཚོས་བྱིས་བློ་ལྷད་མེད་ཀྱིས་ཇིན་ཀྲོང(金钟)དང་ཝང་ཅོ(旺角)སོགས་སུ་གཏོར་བའི་རྔུལ་ཆུས་གྲུབ་འབྲས་ཅུང་ཞིག་རེག་ཨེ་ཡོང་སྙམ་མོད། དོན་དངོས་དེ་འདྲ་ཞིག་རྩ་བ་ཉིད་ནས་མ་རེད། ད་ལྟ་ང་ཚོས་གསལ་བོའི་ངང་ཤེས་པ་ཞིག་ནི། དམངས་གཙོའི་ལས་འགུལ་གྱི་དུས་རབས་ཡོལ་ཟིན་པ་རེད། ང་ཚོའི་མདུན་དུ་ལྷག་པ་ནི་དཀའ་ཚེགས་ཆེ་བའི་དབང་ཤུགས་ལ་ངོ་རྒོལ་གྱི་ལོ་ཟླ་དེ་རེད། ”ཅེས་དང་། དེ་མིན་བསྒྲགས་གཏམ་ནང་ད་དུང་ཡང་། “ང་ཚོ་ལ་གཤམ་གྱི་རེ་འདུན་དག་ཡོད། གཅིག ཧོང་ཀོང་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ལེན་ཡོད་པའི་བདག་དབང་རྒྱལ་ཁབ་ཅིག་བྱ་རྒྱུ། གཉིས། དམངས་གཙོའི་གཞུང་གསར་འཛུགས། གསུམ། དམངས་ཡོངས་ཀྱིས་ཧོང་ཀོང་གི་རྩ་ཁྲིམས་སྒྲིག་བཟོ་དང་གཏན་འབེབས་བྱ་རྒྱུ”། ཞེས་བཀོད་ཡོད་པ་རེད།
ཧོང་ཀོང་སློབ་མའི་རང་བཙན་གྱི་དགོས་འདུན་ལ། རྒྱ་ནག་དབུས་དང་ཧོང་ཀོང་གི་དཔོན་རིགས་ཚོས་ལྟ་རིན་བཤད་རིན་མེད་པའི་སྣང་མེད་བྱས་ཡོད།
“དེ་སྲིད་པ་ཞིག་མ་རེད”ཅེས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཁྲིམས་ལུགས་ལྷན་ཚོགས་ཀྱི་འགན་འཛིན་ཆོ་ཞོ་ཡང(乔晓阳)གིས་སྤྱི་ཚེས ༡༦ ཉིན་བརྗོད་འདུག
ཧོང་ཀོང་དམིགས་བསལ་སྲིད་སྐྱོང་ལིང་ཀྲིན་ཡིང(梁振英)གིས“གནའ་ནས་ད་བར་དུ། ཧོང་ཀོང་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད། ༡༩༤༧ ལོའི་རྗེས་སུ་འགྱུར་བ་ཡོད་པའི་དོན་དག་ཅིག་མེད”། ཅེས་བརྗོད་འདུག
“ངས་འདོན་རྒྱུའི་བསམ་འཆར་ཞིག་ནི། ང་ཚོའི་ད་ལྟའི ‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཞེས་པའི་ལམ་ལུགས་དེ་ཇེ་ལེགས་ཇེ་འཐུས་སུ་གཏོང་ཐབས་སུ་ང་ཚོས་ཇི་ལྟར་ཧུར་བརྩོན་བྱས་ན་བཟང་གི་ཟེར་བ་དེ་ཡིན”། ཞེས་ཧོང་ཀོང་ཁྲིམས་སྲིད་འགན་འཛིན་ཡོན་གོའུ་ཆང (袁国强) གིས་བརྗོད་འདུག
ལིའུ་ཡེ་ཀྲིང་གིས་ཅི་མི་སྙམ་སྣང་མེད་ཀྱི་ཚུལ་དུ། “དེང་སྐབས་འདི་རུ། ཧོང་ཀོང་ལ་རང་བཙན་བྱེད་རྒྱུའི་ཆ་རྐྱེན་མི་འཛོམས་ཤིང་། དེ་ནི་ད་གཟོད་ང་ཚོས་ད་ལྟ་ཆ་རྐྱེན་སྐྲུན་དགོས་དོན་གྱི་རྒྱུ་མཚན་ཡིན”ཟེར།
༼ཞུ་ཡོན༽དུས་དེབ་ཀྱིས་སྤྱི་ལོ ༢༠༡༥ ལོའི་ཟླ ༡འི་ནང་ཧོང་ཀོང་གི་རང་ཐག་རང་གཅོད་གླེང་བ་དེ་དང་། ད་ལྟའི་རང་བཙན་འབོད་སྐུལ་གཉིས་བསྡུར་ན། ཧོང་ཀོང་བའི་རེ་དམིགས་ལ་འགྱུར་བ་ཐེབས་ཀྱིན་པ་གསལ་བོ་རེད། ལོ་སྔོན་མའི་མགོ་ཙམ་ལ། དམིགས་བསལ་སྲིད་སྐྱོང་ལིང་ཀྲིན་ཡིང་གིས་བརྙན་འཕྲིན་བརྒྱུད་ལོ་འཁོར་འཛིན་སྐྱོང་སྙན་ཞུ་ཕུལ་སྐབས། ཧོང་ཀོང་གི་སློབ་མ་ཚོའི་སྐབས་དེའི་བགྲོ་གླེང་ལ་ཉེན་བརྡ་ཚ་ནན་བཏང་ཡོད་པ་རེད། དུས་དེ་ནས་བཟུང་། མཐའ་གཅིག་ཏུ་རང་བཙན་བྱེད་དགོས་པ་མ་ཁྱབ་ཀྱང་། ཆབ་སྲིད་ཚོགས་ཁག་མང་པོ་ཞིག་གིས་རང་སྐྱོང་གི་ཐོབ་ཐང་ཅུང་ཆེ་བ་ཞིག་དགོས་པའི་དགོས་འདུན་བཏོན་པ་རེད། ཁོང་ཚོས་ད་ལོའི་སྤྱི་ཟླ ༩འི་འོས་འདེམས་བརྒྱུད་ནས། རང་ཉིད་ཀྱི་དགོས་འདུན་དེ་གྲོས་ཚོགས་ནང་འཁྱེར་ཐབས་བྱས་ཡོད།
༢༠༡༤ ལོའི་སྲང་མགོ་ལམ་མདོའི་ངོ་རྒོལ་ལས་འགུལ་ཁྲོད། འབུར་དུ་ཐོན་ནས་སྐད་གྲགས་ཆགས་པའི་སློབ་མའི་དབུ་ཁྲིད། ལོ་ན ༡༩ ཅན་གྱི་ཧོང་ཀྲི་ཧྥིང(黄之峰)གིས་ཆབ་སྲིད་ཚོགས་པ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད། ཁོང་གིས ༢༠༤༧ ལོའི་རྗེས་སུ་དམངས་ཡོངས་ཀྱི་རང་ཐག་རང་གཅོད་ཀྱི་ལམ་ནས་ཧོང་ཀོང་གི་མ་འོངས་པ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བྱས་དང་བྱེད་ཀྱིན་ཡོད།
ཟླ་སྔོན་མར་སྤེལ་བའི་ས་གནས་གྲོས་ཚོགས་འཐུས་མིའི་བར་མའི་ཁ་གསབ་འོས་འདེམས་དེ་ཐོག་མའི་ཚོད་ལྟ་ཞིག་ལ་ངོས་འཛིན་བྱས་ཡོད་ལ། དེ་ལས་ཧོང་ཀོང་ལ་ཅུང་གུ་ཡངས་པའི་རང་སྐྱོང་གི་ཐོབ་ཐང་ཞིག་རྩོད་ལེན་བྱེད་པའི་གསར་སྐྱེས་ལས་འགུལ་དེར་རྒྱབ་སྐྱོར་ག་ཚོད་ཅིག་ཡོད་མེད་ཤེས་ཐུབ། བར་མའི་ཁ་གསབ་འོས་འདེམས་ཁྲོད། རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཅུང་ཆེ་བ་ཞིག་དགོས་འདུན་དུ་བཏོན་པ་རྩ་འཛིན་བྱས་པའི་ལིང་ཐེན་ཆ(梁天琦)ལ་འོས་ཤོག ༡༥% ཐོབ་ཡོད། མཐར་མཇུག་ཁོང་གདམ་ཐོན་མ་བྱུང་ཡང་། དེ་ལྟ་བུའི་གྲུབ་འབྲས་ཀྱིས་ཁོང་གི་རྒྱབ་སྐྱོར་བར་སྐུལ་མ་ཆེན་པོ་ཐོབ་ཡོད་པ་གདོན་མི་ཟ།
བར་མའི་ཁ་གསབ་འོས་འདེམས་ཀྱི་སྔན་ཏག་ཏག་དེར། ལོ་ན ༢༤ ཡིན་པའི་ལིང་ཐེན་ཆས་ཡིས་ངོ་རྒོལ་ལས་འགུལ་ཞིག་རྩ་འཛུགས་དབུ་ཁྲིད་གནང་ནས། ཆོག་མཆན་ཡིག་ཆ་མེད་པར་ལོ་སར་སྐབས་བཟའ་བཏུང་རིགས་ཀྱི་ཚོང་ཟོག་ཙག་ཙིག་རིགས་གཉེར་མཁན་ཚོ་གཞུང་གིས་མེད་པ་བཟོ་བའི་བྱ་སྤྱོད་ལ་ངོ་རྒོལ་དྲག་པོ་བྱས་ཡོད་པ་རེད། ལོ་སར་སྐབས་ཀྱི་བཟའ་བཏུང་རིགས་ཀྱི་ཚོང་ལས་ཆུང་ཙག་དེའི་རིགས་ལ་མི་མང་གིས་ཧ་ཅང་དགའ་བོ་བྱེད་པ་དང་། དེ་ནི་ཧོང་ཀོང་གི་ཐུན་མོང་མིན་པའི་སྲོལ་རྒྱུན་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད།
སྐབས་དེའི་ངོ་རྒོལ་བ་དང་ཧོང་ཀོང་ཉེན་རྟོག་པའི་བར་གྱི་འགལ་བ་དེ་རིམ་བཞིན་འཐབ་རྩོད་དུ་གྱུར་ཡོད་པས། རྒྱ་ནག་དབུས་གཞུང་གིས་དེ་ལ “ཐལ་དྲག་བའི་ཁ་བྲལ་སྟོབས་ཤུགས”ཞེས་ངོ་བོ་ངོས་འཛིན་དང་སུན་འབྱིན་སྐྱོན་འཛུགས་བྱས་ཤིང་། དེ་འདྲ་ཡིན་མོད་ཀྱང་། ལིང་ཐེན་ཆས་ཀྱིས་དེ་ལྟ་བུའི་སྐྱོན་འཛུགས་སུན་འབྱིན་ལ་ངོ་རྒོལ་མི་བྱེད་པར་ངོས་ལེན་བྱས་ཡོད།
འོ་ན། ལེའུ་ཡེ་ཀྲིང་གིས་རང་ཉིད་ཁ་བྲལ་རང་ལུགས་པ་ཞིག་ཡིན་པར་ངོས་ལེན་བྱས་ཡོད་དམ་ཞེ་ན།
ལེའུ་ཡེ་ཀྲིང་གིས“གལ་ཏེ་ཁཱ་ཐ་ལོ་ནེ་ཡ (Catalonia ) སི་པན (Spain)ལས་ཁ་བྲལ་རྒྱུ་དང་། སི་ཀོ་ལནྡི (cotland ) དབྱིན་ཇུ (England )ལས་ཁ་བྲལ་རྒྱུ། ཐེ་ཝན་རྒྱ་ནག་ལས་ཁ་བྲལ་རྒྱུ་སོགས་རང་ཐག་རང་གཅོད་ལག་བསྟར་བྱེད་པ་དེ་ཚང་མ་ཁ་བྲལ་རིང་ལུགས་ཡིན་ན། ང་ཡང་ཁ་བྲལ་རིང་ལུགས་ཡིན”ཟེར།