བོད་ཀྱི་རྒྱལ་དར་རྐུ་མཁན་རྒྱ་རིགས་ཤིག་ཅེ་ཁི་རྒྱལ་ཁབ་ནས་མཐར་སྐྲོད་གཏོར་རྒྱུ་རེད།

GettyImages-5175968861-676x450
ཞི་ཅིན་ཕེང་ཅེ་ཁིར་འཚམས་གཟིགས་སྐབས་ངོ་རྒོལ་བས་རྒྱའི་དར་དམར་ལ་ཚོན་ནག་པོས་བྱུགས་པ།

དེ་ཡང་སྤྱི་ཟླ ༤ ཚེས ༢༡ ཉིན། ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་གྱི Prague ཉིན་རེའི་གདམས་ངག་ཅེས་པའི་གནས་ཚུལ་ལ་གཞིགས་ན། སྤྱི་ཟླ་༣ ཕྱི་ཚེས ༢༨ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཏུ་འཚམས་གཟིགས་སྐབས། རྒྱ་རིགས་ཤིག་གིས་ཞི་ཅིན་ཕེང་གི་བརྒྱུད་ལམ་ཅེ་ཁི་་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་ཐང་ནས་ཨེ་བ་རོབ་སི་ཀ་སྲང་ལམ་བར་བཙུགས་པའི་བོད་ཀྱི་རྒྱལ་དར་མར་ཕབ་ནས་འཁྱེར་སྐབས། ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཟླ  ༤ ཚེས  ༡ ཉིན། ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་ར་གྷུ་ཁྲིམས་ཁང་དྲུག་པས་ཁྲིམས་བཤེར་བྱས་མཐར། བོད་ཀྱི་རྒྱལ་དར་ཕབ་ལེན་མཁན་རྒྱ་རིགས་དེ་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་གྱི་མི་སེར་ཡིན་སྟབས། རྒྱ་མི་དེ་ལ་སྤྱི་དམངས་ཀྱི་བདེ་འཇགས་དང་རྒྱུ་ནོར་ཁེ་ཕན་བཅས་ལ་ཉེན་ཚབས་བཟོས་པའི་ཉེས་མིང་བཙུགས་ནས་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ནས་ལོ་གཅིག་ནས་བཅུ། ཡང་ན་དུས་ངེས་མེད་དུ་ཕྱིར་སྐྲོད་བྱ་རྒྱུ་ཐག་གིས་བཅད་ཡོད་པ་རེད། གནས་ཚུལ་ནང་མཐར་སྐྲོད་བཏང་བའི་རྒྱ་རིགས་དེའི་སྐྱེས་ལོ་ཙམ་ལས་མིང་དང་ཕ་ཡུལ་སོགས་གསལ་ཁ་བཏོན་མི་འདུག

གོང་ཞུས་ཟླ་ཚེས་ལ་ཞི་ཅིན་ཕེང་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཏུ་འཚམས་གཟིགས་སྐབས་ཅེ་ཁི་ན་ཡོད་པའི་རྒྱ་ནག་གི་གཞུང་ཁང་གིས་གོ་སྒྲིག་བྱས་ཏེ། མཐའ་འཁོར་ཐག་ཉེ་རྒྱལ་ཁབ་དག་ནས་རྒྱ་རིགས་སློབ་མ་བརྒྱ་ཕྲག་མང་པོ་གླས་ནས་ཅེ་ཁི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་བསྡུས་ནས་ཞི་ཅིན་ཕེང་ལ་དགའ་བསུ་བྱེད་དུ་བཅུག་ཡོད་པ་དང་། སློབ་མས་གཙོས་པའི་རྒྱ་རིགས་དེ་དག་དགའ་བསུ་བ་ནས་ཞི་ཅིན་ཕེང་ལ་ངོ་རྒོལ་བ་དག་ལ་ཁ་གཏད་པའི་ངོ་རྒོལ་དཔུང་ཤུགས་སུ་གྱུར་ནས། མི་རིགས་རིང་ལུགས་ཀྱིས་ཚོས་པའི་རྒྱ་རིགས་དེ་ཚོས་ང་རྒྱལ་དང་ཧམ་པ་ཆེན་པོས་བོད་དོན་ལ་རྒྱབ་སྐྱོར་མཁན་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་བའི་ཅེ་ཁི་མི་དམངས་ཀྱི་ལག་གི་བོད་ཀྱི་རྒྱལ་དར་བཙན་འཕྲོག་བྱས་པ་མ་ཟད། ཐ་ན་གཅར་རྡུང་ཡང་བྱས་ཡོད་པས། ཅེ་ཁི་མི་དམངས་དང་ཡང་སྒོའི་འཛམ་གླིང་མི་དམངས་རྒྱ་ནག་པའི་བྱ་སྤྱོད་དེར་ཧང་སངས་ཡོད་པ་རེད།

དེ་བཞིན་དུ་གོང་ཞུས Prague ཉིན་རེའི་གདམས་ངག་ཅེས་པའི་གནས་ཚུལ་ནང་། ཉེས་ཆད་ཕོག་པའི་རྒྱ་མི་དེས་ཁྲིམས་ཁང་གི་ཐག་གཅོད་ལ་དང་ལེན་བྱས་མེད་པས།  ཁྲིམས་ཁང་གིས་ཡང་བསྐྱར་གྱོད་གཞི་དེར་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་བཀོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ཅེ་ཁི་དུ་རྒྱལ་དོན་གཟིགས་བསྐོར་སྐབས་སུ། ཅེ་ཁི་གཞུང་གིས་ཁོང་ལ་སྣེ་ལེན་གཟབ་རྒྱས་བྱས་ཡོད་ཀྱང་།  ཅེ་ཁི་མང་ཚོགས་ཀྱིས་བོད་ཀྱི་རྒྱལ་དར་སོགས་འཕྱར་ཏེ་ཁོང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།

ཅེ་ཁེ་སྤྱི་མཐུན་རྒྱལ་ཁབ་དེ་དེ་སྔ་དུས་ཡུན་རིང་པོར་ཨུ་རུ་སུའི་དམར་པོ་གཞུང་གིས་དབང་འཛིན་འོག་སྡུག་སྦྱོང་མནར་གཅོད་ཚད་ལས་འདས་པ་མྱངས་ཡོད་པས། ཅེ་ཁི་མང་ཚོགས་རྣམས་དམར་པོ་གཞུང་ལ་རྒྱུས་མངའ་ཆེ་ཞིང་། བོད་མིའི་དཀའ་སྡུག་ལ་མྱངས་ཚོར་བྱེད་ཐུབ་པས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གི་གཟིགས་སྐོར་ལ་ངོ་རྒོལ་དྲག་པོ་དང་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་རེད།

Advertisements