རྒྱ་ནག་ན “ རིག་གསར ” རོ་ལངས་རྒྱག་གིན་འདུག

201605051858china2
རིག་གསར་རོ་ལངས་རྒྱབ་པའི་དགོང་ཚོགས་དེའི་ཟུར་གཅིག

སྤྱི་ཟླ ༥ ཚེས ༦ ཉིན། དགོང་ཚོགས་གཙོ་སྐྱོང་སྡེ་ཚན་གྱི་གྲས་རྒྱ་ནག་གླུ་གཞས་ཟློས་གར་ཁང་གིས་གཞུང་འབྲེལ་དྲྭ་རྒྱའི་སྟེང་གསལ་བསྒྲགས་སྤེལ་ནས་ཁོང་ཚོ་མཉམ་ལས་བྱེད་ཡུལ་གྱིས་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གི་མིང་རྟོག་བཟོ་བྱས་ནས ༼རྫུན་སྒྲིག་གི་ཡིག་ཆ༽མཁོ་སྤྲོད་བྱས་ཚུལ་བརྗོད་ནས་དབུས་དྲིལ་བསྒྲགས་ལྷན་ཁང་དགོང་ཚོགས་དེ་དང་འབྲེལ་བ་མེད་ཚུལ་ཟུར་ནས་བསྟན་ཡོད་པ་རེད།

 

རྒྱ་ནག་གླུ་གཞས་ཟློས་གར་ཁང་གིས་སྤེལ་བའི་གསལ་བསྒྲགས་ནང་། ༼ རེ་བའི་ཞིང་ས་ན༽ཞེས་པའི་མཉམ་སྒྲོག་གླུ་གཞས་འཁྲབ་སྟོན་དགོང་ཚོགས་དེ་གོ་སྒྲིག་དང་འཁྲབ་སྟོན་བརྒྱུད་རིམ་ཁྲོད། ང་ཚོའི་ལས་ཁང་དང་མཉམ་ལས་བྱེད་ཡུལ་གྱིས ༼རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་སྤྱི་ཚོགས་རིང་ལུགས་ཀྱི་ཡང་སྙིང་གི་རིན་ཐང་ལྟ་བ་དྲིལ་བསྒྲགས་གཞུང་སྒྲུབ་ཁང༽དང་འབྲེལ་བ་ཡོད་ཁུལ་རྟོག་བཟོ་བྱས་ནས། ང་ཚོའི་ལས་ཁང་གི་ཡིད་ཆེས་ཐོབ་ཆེད་རྫུན་སྒྲིག་གི་ཡིག་ཆ་མཁོ་སྤྲོད་བྱས་ཏེ་ང་ཚོའི་ལས་ཁང་དང་ཁོང་ཚོ་གཉིས་ནི་ཐུན་མོང་གི་གཙོ་སྐྱོང་པ་ཡིན་མདོག་བསྟན་ནས། སྤྱི་ཟླ ༥ ཚེས ༢ ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཁྲབ་སྟོན་བྱས་པ་རེད། དེ་ལྟ་བུའི་མགོ་གཡོག་མགོ་སྐོར་གྱི་བྱ་སྤྱོད་ལ་ང་ཚོའི་ལས་ཁང་གིས་ཁྲིམས་ལུགས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་བྱེད་རྒྱུ་ཡིན་ཞེས་བཀོད་འདུག

འཁྲབ་སྟོན་དགོང་ཚོགས་དེ ༼ སྤྱི་ཚོགས་རིང་ལུགས་གནམ་ཚོགས༽ཀྱི ༼  མེ་ཏོག་ཚོམ་བུ ༥༦ ༽ཞེས་བཏགས་པའི་ཚན་སྡེབ་ཀྱིས་ཁུར་ལེན་བྱས་ཡོད་ཡོད་པ་དང་། ༼ མེ་ཏོག་ཚོམ་བུ ༥༦ ༽ཞེས་པ་དེ་ནི་རྒྱ་ནག་སྐམ་ས་ཆེན་མོའི་དབྱངས་རྟ་གཙོ་བོ་ན་ཆུང་བུ་མོའི་སྣང་བརྙན་བྱས་པའི་ཚན་སྡེབ་ཅིག་རེད། ཕྱི་རོལ་ཡུལ་གྱིས་མཐོང་ལམ་དུ་ཐོན་པ་ཐོག་མ་དེ་སྤྱི་ལོ ༢༠༡༥ ལོའི་ཟླ ༥ ཚེས ༢༨ ཉིན་ཏེའོ་ཡས་ཏོ(钓鱼岛)རྒྱལ་ཁབ་གསོལ་མགྲོན་ཁང་གི་འཁྲབ་སྟོན་དེ་རེད།

༼ རེ་བའི་ཞིང་ས་ན༽ཞེས་པའི་དམར་པོའི་བསྟོད་གླུའི་དགོང་ཚོགས་དེ་རིག་གསར་བརྗེ་ཆེན་མོའི་སྐབས་ཀྱི་དམར་པོའི་བསྟོད་གླུ༼མཚོ་ཐོག་བསྐྱོད་པར་ཕྱོགས་སྟོན་གྲུ་པར་རྟེན༽ ཞེས་པས་སྒོ་འབྱེད་ནས། དེ་བཞིན༼གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད༽། ༼སྤྱི་ཚོགས་རིང་ལུགས་བཟང༽སོགས་དང་། གཞན་ཞི་ཅིན་ཕེང་བསྟོད་པའི་བསྟོད་གླུ་གསར་བ༼མོག་མོག་ཟ་ཁང༽དང༼ ཇི་ལྟར་མཚན་གསོལ་དགོས་པའང་མི་ཤེས༽ཞེས་པ་དང་། ད་དུང་ཞི་ཅིན་ཕེང་གི་བཟའ་ཟླ་ལྕམ་ཕེང་ལེ་ཡོན་སྐད་གྲགས་ཆགས་སྤྱད་ཀྱི་གླུ་དབྱངས༼ རེ་བའི་ཞིང་ས་ན༽ལ་སོགས་འཁྲབ་ལེན་བྱས་ཡོད་པ་རེད།

འཁྲབ་སྟོན་གྱི་སྐབས་སུ། གར་སྟེགས་ཀྱི་རྒྱབ་ལྗོངས་ངོས་སུ༼འཛམ་གླིང་མི་དམངས་མཐུན་སྒྲིལ་བྱས་ནས། ཨ་རི་བཙན་འཛུལ་བ་དང་དེ་ཡི་རྒྱུགས་ཁྱི་མཐའ་དག་ཕམ་པར་རྒྱག་དགོས༽ ཞེས་པའི་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཀྱི་ཁ་གཡང་སྒྲོག་ཚིག་ཀྱང་བཏོན་ཡོད་པ་རེད།

མི་དམངས་ཚོགས་ཁང་ཆེན་མོའི་ནང་རིག་གནས་གསར་བརྗེ་ཆེན་མོར་མཛེས་རྒྱན་སྤྲས་པའི་མཉམ་སྒྲོག་གླུ་གཞས་འཁྲབ་སྟོན་དགོང་ཚོགས་ཆེན་མོ་བསྟན་པའི་གནས་ཚུལ་དེ་བྱུང་རྗེས། རྒྱ་ནག་གི་དྲྭ་རྒྱའི་སྟེང་རྩོད་པ་ཆེན་པོ་བསླངས་ཡོད་པའི་མ་ཚད། རྒྱ་ནག་གི་དམར་རབས་གཉིས་པ་དང་དམར་པོའི་ཏང་གི་མགྲིན་ཚབ་པའི་གཙོ་གྲས ༼གོ་ལའི་དུས་བབ༽ལ་སོགས་ཀྱིས་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་ཡང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་མཱ་ཝེན་རུས་ཀྱི་བུ་མོ་མཱ་ཞོ་ལེ་ཡིས༼ རེ་བའི་ཞིང་ས་ན༽ཞེས་པའི་གླུ་གཞས་འཁྲབ་སྟོན་དགོང་ཚོགས་དེ་ལ་སྐྱོན་བརྗོད་དང་ཉེས་འཛུགས་ཀྱི་གཏུག་ཡིག་ཅིག་རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་ལེ་ཀྲན་ཧྲའུ་ཡི་མཚན་ཐོག་ལ་ཕུལ་ནས། ༼ རེ་བའི་ཞིང་ས་ན༽ཞེས་པའི་དགོང་ཚོགས་དེ་བལྟས་རྗེས། རིག་གནས་གསར་བརྗེ་ཆེན་མོ་རོ་ལངས་རྒྱག་རྒྱུའི་ཚོར་བ་ཞིག་སྐྱེས་སོང་ན། དེ་ཡིས་ཏང་གི་ཕྱི་འབྲེལ་སྲིད་ཇུས་དང་ལམ་ལུགས་ལ་འགལ་རྐྱེན་བཟོས་ཡོད་པས། དེ་ནི༼རྩ་འཛུགས་ཡོད་པ་ལྐོག་ཇུས་ཡོད་པ་འཆར་གཞི་ཡོད་པའི་ཏང་གི་ཆབ་སྲིད་སྒྲིག་གཞི་དང་འགལ་བའི་དོན་རྐྱེན༽ཞིག་རེད། དེ་བས་ན། རྒྱ་ནག་དབུས་གཞུང་གིས་ངེས་པར་དུ་ཟླ ༥ ཚེས  ༢ ཉིན་གྱི་དགོང་ཚོགས་དེའི་གཙོ་སྐྱོང་ལས་ཁང་དང་རྒྱབ་ཀྱི་ཇུས་འདོན་ལས་ཁང། དེ་བཞིན་གོང་རིམ་འགོ་ཁྲིད་ལས་ཁང་དག་གིས་ཏང་གི་ཆབ་སྲིད་སྒྲིག་གཞི་དང་རྒྱབ་འགལ། ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚང་འཛོམས་ཚོགས་དུས་དྲུག་པའི་ཆོད་དོན་དང་རྒྱབ་འགལ་གྱི་སྤྱོད་ངན་ལ་རྟོག་དཔྱད་ནན་མོ་བྱེད་དགོས་ཞེས་རེ་སྐུལ་ནན་མོ་བཏོན་ཡོད་པ་རེད།

དེ་བཞིན་དུ། གཡོལ་ཐལ་ཚོགས་ཁག་གི་རྟེན་གཞི་རུ་འབོད་པའི་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་གོ་ལའི་དུས་བབ་ཀྱིས་ཀྱང་སྤྱི་ཟླ ༥ ཚེས ༦ ཉིན། ཁ་བྱང་ལ ༼“མཚོ་ཐོག་བསྐྱོད་པར་ཕྱོགས་སྟོན་གྲུ་པར་རྟེན” ཞེས་པའི་གླུ་དབྱངས་བླངས་ན་ཉན་མཁན་ག་ཚོད་ཅིག་ཡོད་དམ༽ཟེར་བའི་དཔྱད་བརྗོད་རྩོམ་ཡིག་སྤེལ་ནས། དགོང་ཚོགས་དེར་གཞུང་ཕྱོགས་ཀྱི་རྒྱབ་ལྗོངས་ཡོད་པར་ཡིད་ཆེས་བྱེད་ཐབས་མེད་པ་དང་། དེ་ལྟ་བུའི་རྩོད་པ་བསླང་གཞིའི་ལས་དག་ལ་སྤྱི་ཚོགས་གཙོ་གྲས་སུ་དགའ་བསུ་མེད་ཅེས་བཀོད་འདུག

དེ་སྔའི་གསར་འགྱུར་སྡེ་ཁག་དང་སྲང་ལམ་ཏུ་སྦྱར་བའི་དྲིལ་བསྒྲགས་བརྡ་སྦྱོར་ལ་གཞིགས་ན། ༼ རེ་བའི་ཞིང་ས་ན༽ཞེས་པའི་མཉམ་སྒྲོག་གླུ་གཞས་འཁྲབ་སྟོན་ཆེན་མོ་དེ་ནི༼རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་སྤྱི་ཚོགས་རིང་ལུགས་ཀྱི་ཡང་སྙིང་གི་རིན་ཐང་ལྟ་བ་དྲིལ་བསྒྲགས་གཞུང་སྒྲུབ་ཁང༽དང་། རྒྱ་ནག་རྒྱལ་སྤྱིའི་རིག་གཞུང་བརྗེ་རེས་ལྟེ་གནས། གུང་ཆིན་ཐོན་རྒྱ་ནག་དབུས་མ་འོངས་སྐར་ཆེན་རྒྱལ་ཡོངས་རྩ་འཛུགས་ཁང་། རྒྱ་ནག་གླུ་གཞས་ཟློས་གར་ཁང་བཅས་ཡིན་པ་དང་། དགོང་ཚོགས་ཀྱི་འཛིན་བྱང་རིན་གོང་དམངས་སྒོར ༣༨༠ ནས ༢༠༨༠བཅས་ཡོད་པ་རེད།