
དེ་སྔའི་མི་རྣམས་པའི་ཚོད་དཔག་ལས་མ་འདས་པར། ཐེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་ཚེ་ཡིན་ཝེན་གྱིས་སྤྱི་ཟླ ༥ ཚེས ༢༠ ཉིན་སྤེལ་པའི་སྲིད་འཛིན་ཁྲི་འདོན་མཛད་སྒོའི་གསུང་བཤད་སྐབས “༩༢ སྤྱི་མོས་གྲོས་མཐུན” ཟེར་བའི་རྒྱ་ནག་གུང་ཁྲན་ཏང་དང་གོ་མེན་ཏང་གཉིས་ཀས་ངོས་ལེན་བྱས་པའི་བཤད་སྟངས་དེ་གླེང་མེད་པ་རེད།
ལྗང་མདོག་གི་རྒྱབ་ལྗོངས་ཅན་གྱི་རྒྱ་ནག་པའི་ལོ་རྒྱུས་སུ་བྱུང་པའི་བུད་མེད་ཀྱི་སྲིད་འཛིན་ཐོག་མ་ལྕམ་ཚེ་ཡིན་ཝིན་ལགས་ཀྱིས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་གཉིས་ཀའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་ནི “༡༩༩༢ ལོའི་ཚོགས་པ་གཉིས (ཐེ་ཝན་གྱི་མཚོ་འགག་འབྲེལ་འདྲིས་ཐེབས་རྩ་ཚོགས་པ་དང་རྒྱ་ནག་སྐམ་ས་ཆེན་མོའི་ མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བ་མཐུན་ཚོགས)ཀྱི་གྲོས་མོལ” གནང་བའི་དངོས་ཡོད་ལོ་རྒྱུས་དེ་ཡིན་ཞེས་བཤད་སྟངས་མ་འདྲ་བ་ཞིག་གི་ལམ་ནས་ངོ་བོ་ངོས་འཛིན་དང་འགྲེལ་བརྗོད་གནང་ཡོད་པ་རེད།
“༩༢ ལོའི་གྲོས་མོལ” ཞེས་པའི་བཤད་སྲོལ་དང་། དངོས་ཡོད་གནས་ཚུལ་ཡིན་ཡང་ཐུན་མོང་གྲོས་མཐུན་མིན་ཟེར་བའི་བཤད་སྲོལ་དེ་གཉིས་ནི་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཐེ་ཝན་གོ་མེན་ཏང་ཚོགས་པའི་མཚོ་འགག་གི་འབྲེལ་བའི་གནད་དོན་ཐད་ཀྱི་མི་མཐུན་ས་གཙོ་བོ་དེ་ཡིན།
དོན་དངོས་སུ། ལྕམ་ཚེ་ཡིན་ཝེན་གྱིས་ཁོང་མོའི་ཁྲི་འདོན་གསུང་བཤད་སྐབས་མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བའི་གནད་དོན་གྱི་ཆབ་སྲིད་རྨང་གཞིའི་ཐད་གསལ་བཤད་གསལ་བོ་གནང་ཡོད་ལ། དེ་ཡང་ཁོང་མོས་བཏོན་པའི་ཚང་དགོས་པའི་མཚོ་འགག་ཕྱོགས་གཉིས་ཀ་མཉམ་འབྲེལ་བྱེད་རྒྱུའི་ཆབ་སྲིད་ཀྱི་རྨང་གཞི་འགའ་ནི།
༡༽ “༡༩༩༢ ལོའི་ཚོགས་པ་གཉིས་ཀའི་གྲོས་མོལ” གནང་བའི་དངོས་ཡོད་ལོ་རྒྱུས་དེ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གི་ཐུན་མོང་གི་ངོས་འཛིན་དེ་ནི་དངོས་ཡོད་ལོ་རྒྱུས་ཡིན་པ།
༢༽ ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ད་ལྟ་དངོས་སུ་ལག་ལེན་དུ་བསྟར་གྱིན་པའི་ཆབ་སྲིད་ལམ་ལུགས།
༣༽ འདས་པའི་ལོ་ངོ ༢༠ ལྷག་གི་རིང་མཚོ་འགག་ཕྱོགས་གཉིས་ཀའི་གྲོས་མཐུན་དང་འབྲེལ་འདྲིས་བརྗེ་རེས་གནང་བའི་གྲུབ་འབྲས། ༤༽ ཐེ་ཝན་གྱི་དམངས་གཙོའི་རྩ་དོན་དང་མི་དམངས་ཀྱི་ཡོངས་ཁྱབ་འདོད་བློ།
ཡིག་ཐོག་ནས་བལྟས་ན། “༩༢ སྤྱི་མོས་གྲོས་མཐུན” ཟེར་བ་དེ “༩༢ ལོའི་གྲོས་མོལ” དུ་གནས་རིམ་མར་བཅག་ཡོད་པ་མ་ཟད། དངོས་ཡོད་ལོ་རྒྱུས་དེའང “མཚོ་འགག་ཕྱོགས་གཉིས་ཀ་མཉམ་ལས་བྱེད་རྒྱུའི་ཆབ་སྲིད་རྨང་གཞིའི་རྒྱུ་རྐྱེན” ཙམ་ཡིན་པ་ལས། དེ་ཁོ་ན་ཉིད་དེ་མིན་པ་དང་། དེ་ལ་ཐམས་ཅད་ཚུད་དགོས་པའི་ནུས་པའང་མི་ལྡན་པར་ངོས་འཛིན་བྱས་འདུག
མཚོ་འགག་ཕར་ཚུར་རྒྱང་ལྟའི་ཁྲོད། དང་པོ་སྔན་ལ་ཐོན་ནས་རྣམ་འགྱུར་སྟོན་མཁན་དེ་རྒྱ་ནག་གི་ཐེ་ཝན་ལས་དོན་ཁང་ཟེར་བ་དེ་རེད། རྒྱ་ནག་སྤྱི་ཁྱབ་ལྷན་ཁང་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གིས་ལྕམ་ཚེ་ཡིན་ཝིན་གྱི་ཁྲི་འདོན་གསུང་བཤད་རྫོགས་མ་ཐག་གསལ་བསྒྲགས་སྤེལ་ནས། ཐེ་ཝན་གྱི་སྲིད་འཛིན་གསར་བ་ལྕམ་ཚེ་ཡིན་ཝེན་གྱིས “༩༢ སྤྱི་མོས་གྲོས་མཐུན” སྟེ་མཚོ་འགག་ཕྱོགས་གཉིས་ཀའི་མི་དམངས་ཀྱི་དོ་སྣང་ཆེན་པོ་བྱེད་སའི་གཞི་རྩའི་གནད་དོན་དེའི་ཐད་མ་གེ་མོག་གེའི་མི་གསལ་བའི་རྣམ་འགྱུར་བཟུང་བ་དང་། དེ་ཡི་ཡང་སྙིང་གི་བརྗོད་བྱའི་རིན་ཐང་ལའང་ངོས་ལེན་གསལ་བོ་བྱས་མེད་པས། ལྕམ་ཚེ་ཡིན་ཝེན་གྱི་ལས་འཁུར་གཏམ་བཤད་དེ་ནི་སྐར་གྲངས་མ་ལོང་པའི་རྒྱུགས་ཤོག་ཅིག་རེད་ཅེས་ངོས་འཛིན་བྱས་འདུག
ཡིན་ན་ཡང་། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་བཤད་སྟངས་དེ་དེ་འདྲའི་འཇམ་པོ་ཞིག་མིན་པར། ཞིན་ཧྭ་གསར་ལས་ཁང་གི་དཔྱད་བརྗོད་རྩོམ་ཡིག་གིས “༩༢ སྤྱི་མོས་གྲོས་མཐུན” དང “ཀྲུང་གོ་གཅིག” ཞེས་པའིརྩ་དོན་གཉིས་བར་མཚུངས་རྟགས་བཀོད་ནས། ཆབ་སྲིད་ཀྱི་རྨང་གཞི་དེ་ནི་ཐེ་ཝན་གཞུང་འཛིན་སྲིད་སྐྱོང་པས་གཡོལ་ཐབས་མེད་པར་ལན་འདེབས་དགོས་པའི་དྲི་བ་དེ་ཡིན་ལ། དེ་ནི་ཐེ་ཝན་གྱི་སྲིད་འཛིན་གསར་བའི་ལྷག་བསམ་དང་ཀུན་སློང་ལ་ཉམས་ཚོད་ལེན་པའི་རྡོ་ཀ་ཤུ་ཁ་ཡིན་ཞེས་དྲག་པོའི་སྨྲ་བ་བརྗོད་འདུག
གོང་ཞུས་དེ་དག་ཡིག་ཐོག་ཙམ་རེད་ཟེར་ན། ཉིན་ཞག་གཉིས་ལ་བསམ་བློ་བཏང་རྗེས། ཚེས ༢༡ ཉིན། རྒྱ་ནག་ཐེ་ཝན་ལས་དོན་ཁང་དང་སྐམ་ས་ཆེན་མོའི་མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བ་མཐུན་ཚོགས་ཀྱིས་ཞིན་ཧྭ་གསར་ཁང་ལ་གནང་བའི་གསལ་བཤད་ཁྲོད་ངར་ཤེད་བཏོན་འདུག
དེ་ཡང་རྒྱ་ནག་ཐེ་ཝན་ལས་དོན་ཁང་གི་མགྲིན་ཚབ་པ་མཱ་ཞོ་ཀོང་གིས། “ཀྲུང་གོ་གཅིག” གི་གཞི་རྩའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་སྟེ “༩༢ སྤྱི་མོས་གྲོས་མཐུན” དེ་ངོས་ལེན་རྒྱུན་འཁྱོངས་ཐུབ་ཚེ། ད་གཟོད་ཐེ་ཝན་གྱི་མཚོ་འགག་འབྲེལ་འདྲིས་ཐེབས་རྩ་ཚོགས་པ་དང་རྒྱ་ནག་སྐམ་ས་ཆེན་མོའི་མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བ་མཐུན་ཚོགས་གཉིས་ཀྱིས་མུ་མཐུན་ནས་གྲོས་མོལ་གནང་ཐུབ། ཅེས་དང་། ཕལ་ཆེར་དེ་དང་དུས་མཉམ་དུ། རྒྱ་ནག་སྐམ་ས་ཆེན་མོའི་མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བ་མཐུན་ཚོགས་ཟེར་པས་ཞིན་ཧྭ་གསར་ཤོག་སྟེང་སྤེལ་བའི་གློག་འཕྲིན་སྟེང་། ཐེ་ཝན་གྱི་མཚོ་འགག་འབྲེལ་འདྲིས་ཐེབས་རྩ་ཚོགས་པ་ལ་དབང་ཆ་ཆ་ཚང་སྤྲད་ནས། “ཀྲུང་གོ་གཅིག” གི་གཞི་རྩའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་སྟེ “༩༢ སྤྱི་མོས་གྲོས་མཐུན” དེ་ངོས་ལེན་རྒྱུན་འཁྱོངས་ཐུབ་པ་རྒྱ་ནག་སྐམ་ས་ཆེན་མོའི་མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བ་མཐུན་ཚོགས་ལ་ཁས་ལེན་བྱས་ཚེ། དབང་ཆ་སྤྲད་པའི་ཚོགས་པ་གཉིས་ཀས་ད་གཟོད་མུ་མཐུན་ནས་གྲོས་མོལ་རྒྱུན་སྐྱོང་བྱེད་ཐུབ། ཅེས་བརྗོད་འདུག
རལ་གྲི་སྔོན་མོའི་སོ་བརྡར་དོན་དང་། ལྕགས་མདུང་ནག་པོའི་རྩེ་བཏོད་དོན། ཐེ་ཝན་གཞུང་གསར་བས “༩༢ སྤྱི་མོས་གྲོས་མཐུན” ཁས་མ་བླངས་ཚེ། ད་ཡོད་ཀྱི་འབྲེལ་ལམ་ཐམས་ཅད་མཚམས་ཆད་འགྲོ་ཞེས་ཉེན་བརྡ་བཏང་བ་རེད།
༡༩༤༩ ལོ་ནས་ལྷག་པའི་མཚོ་འགག་གི་གནད་དོན་དེ་སེལ་ཆེད་གྲོས་མོལ་རབ་དང་རིམ་པ་བྱས་ཡོད་ལ། དེ་ཡང ༡༩༩༡ ལོར། སྐབས་དེའི་ཐེ་ཝན་གྱི་སྲིད་འཛིན་ལའེ་ཏེན་ཧས་ཀྱིས་མཚོ་འགག་འབྲེལ་འདྲིས་ཐེབས་རྩ་ཚོགས་པ་ཞེས་པ་གསར་དུ་བཙུགས་ནས། རྒྱ་ནག་སྐམ་ས་ཆེན་མོ་དང་མཉམ་དུ་གྲོས་མོལ་གྱི་མགོ་བརྩམས། ཡིན་ན་ཡང་ཆབ་སྲིད་ལངས་ཕྱོགས་ཐད་ཕྱོགས་གཉིས་ཀའི་མི་མཐུན་སའི་གནད་དོན་ཆེ་ཤོས་ནི “ཀྲུང་གོ་གཅིག” ཞེས་པའི་སྲིད་ཇུས་དེ་ཡིན་པ་དང་། ཐེ་ཝན་གྱི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་ན། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ནི་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ཁོ་ན་དེ་ཡིན་པ་དང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལ་རྒྱ་ནག་སྐམ་ས་ཆེན་མོ་ཐེ་བའི་རྒྱ་ནག་ཧྲིལ་བོར་བདག་དབང་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་སྐམ་ས་ཆེན་མོས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། ཐེ་ཝན་རང་བཙན་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་རེད། གྲོས་མོལ་རབ་དང་རིམ་པའི་རྗེས་སུ་། ༡༩༩༢ ལོའི་ཟླ ༡༡ པའི་གྲོས་མོལ་སྐབས “ཀྲུང་གོ་གཅིག” ཞེས་པའི་རྩ་དོན་ལ་ངོས་འཛིན་བྱེད་སྟངས་ཐད་མོས་མཐུན་བྱུང་ནས་ཐུན་མོང་གི་ལྟ་ཚུལ་གཅིག་བཟུང་བ་རེད། དེ་ཡི་བསམ་བློ་གཙོ་བོ་དེ་ནི “ཀྲུང་གོ་གཅིག” སོ་སོས་ངོས་འཛིན་ཞེས་པ་དེ་ཡིན། ཐེ་ཝན་གྱིས “ཀྲུང་གོ་གཅིག” ཞེས་པ་དེ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལ་གོ་ལུགས་བཤད་ཡོད་ལ། རྒྱ་ནག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གོ་ལུགས་འགྲེལ་བཤད་བྱས་ཡོད། ཡོངས་ཁྱབ་ཀྱིས་གྲོས་མཐུན་དེ་ལ “༩༢ལོའི་སྤྱི་མོའི་གྲོས་མཐུན” ཞེས་འབོད་ཀྱིན་ཡོད།
༡༩༩༧ ལོའི་ཟླ ༧ པར། སྐབས་དེའི་ཐེ་ཝན་གྱི་སྲིད་འཛིན་ལའེ་ཏེང་ཧོས་ཀྱིས་འཇར་མིན་རང་དབང་ཞེས་པའི་གསར་ལས་ཁང་ལ “དམིགས་བསལ་གྱི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ” ཞེས་མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བའི་ངོ་བོ་ངོས་འཛིན་བྱས་ཡོད་པས། བཤད་སྟངས་དེ་ལ་མི་རྣམས་པས “རྒྱལ་ཁབ་གཉིས་སྨྲ་བ” ཞེས་འབོད་ཀྱིན་ཡོད། བཤད་སྟངས་དེར་རྒྱ་ནག་གིས་སྐྱོན་བརྗོད་དྲག་པོ་བྱས་ནས་ཐེ་ཝན་དང་འབྲེལ་ལམ་ཐམས་ཅད་བཅད་པ་རེད།
དེ་ནས་སྤྱི་ལོ ༢༠༠༥ ལོར། སྐབས་དེའི་གོ་མེན་ཏང་ཚོགས་པའི་ཚོགས་གཙོ་ལེན་ཀྲན་རྒྱ་ནག་སྐམ་ས་ཆེན་མོར་འཚམས་གཟིགས་སུ་ཕེབས་ནས། རྒྱ་ནག་དམར་ཤོག་ཚོགས་པ་གུང་ཁྲན་ཏང་གི་ཚོགས་གཙོ་ཧའོ་ཅིན་ཐའོ་དང་མཇལ་མོལ་གནང་རྗེས། གོ་མེན་ཏང་དང་གུང་ཁྲན་ཏང་གི་ཚོགས་གཙོ་རྣམ་པ་གཉིས་ཀས “༩༢ སྤྱི་མོས་གྲོས་མཐུན” ལ་སྐུལ་འདེད་བྱ་རྒྱུའི་འདུན་པ་བཏོན་པ་རེད། ༢༠༠༨ ལོའི་ཟླ ༥ ཚེས ༢༠འི་ཉིན། མཱ་ཡིན་ཇུག་གིས་གཞུང་འཛིན་སྐྱོང་བྱས་པའི་རྗེས་སུ། “༩༢ སྤྱི་མོས་གྲོས་མཐུན” ཟེར་བའི་ནང་དོན་ཁག་ཅིག་དངོས་སུ་ལག་ལེན་དུ་བསྟར་བ་རེད། ཡིན་ན་ཡང་སྐབས་དེར་གཞུང་འཛིན་མིན་པའི་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས “༩༢ སྤྱི་མོས་གྲོས་མཐུན” ཟེར་བ་ཞིག་རྩ་བ་ཉིད་ནས་མེད་ལ། “༩༢ སྤྱི་མོས་གྲོས་མཐུན” ཟེར་བ་དེ་ནི་གོ་མེད་ཏང་ཚོགས་པ་དང་གུང་ཁྲན་ཏང་ཚོགས་པ་གཉིས་ཀྱིས་གསང་བའི་ངང་བཞག་པའི་ཐུན་མོང་ངོས་འཛིན་ཞིག་ཡིན་པས། དེ་ཡིས་ཐེ་ཝན་ཧྲིལ་བོའི་བསམ་འཆར་མཚོན་མི་ཐུབ་ཅེས་སུན་འབྱིན་དང་ཆབས་ཆིག་ངོས་ལེན་བྱས་མེད།
སྤྱི་ཚེས ༢༠ ཉིན་སྤེལ་བའི་ལྕམ་ཚེ་ཡིན་ཝིན་གྱི་སྲིད་འཛིན་ཁྲི་འདོན་གསུང་བཤད་ཀྱིས་གཅིག་བགྱིས་ན་ལོ་ཉི་ཤུའི་ཡར་སྔོན་གྱི་རྩོད་པ་དེ་ཡང་བསྐྱར་བསླང་ཡང་སྲིད། འོད་ཀྱང་། དོ་སྣང་བྱེད་རིམ་ཡོད་པ་ཞིག་ནི། ཁོང་མོས “༩༢ སྤྱི་མོས་གྲོས་མཐུན” གླེང་མེད་ཀྱང་འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་གི་འཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་འདྲིས་དང་མཉམ་ལས་ཀྱི་གྲུབ་འབྲས་ནི་མཚོ་འགག་ཕྱོགས་གཉིས་ཀའི་འབྲེལ་བ་ཐག་གིས་གཅོད་བྱེད་ཀྱི་ཆབ་སྲིད་རྨང་གཞི་དེ་ཡིན་ཞེས་བརྗོད་ཡོད་པ་རེད། བཤད་སྟངས་དེས་གཅིག་བགྱིས་ན་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་མཐར་མཇུག་ཐེ་ཝན་རང་བཙན་ལ་ཕྱོགས་སྲིད་པར་དོགས་པ་ཆེ་བའི་རྒྱ་ནག་གཞུང་ལ་མཚོན་ན་སེམས་སུ་འཛིན་རྒྱུའི་དྲོད་ཐིགས་ཁོ་ན་དེ་ཡིན་རྒྱུ་རེད།
གལ་སྲིད་ལྕམ་ཚེ་ཡིན་ཝིན་གྱི་ཁྲི་འདོན་གསུང་བཤད་དེར་སྐར་གྲངས་རྒྱག་དགོས་པའི་དབང་དུ་བཏང་ན། ངས་སྐར་མ་དགུ་བཅུ་ལས་མི་རྒྱག རྒྱ་མཚན་ནི། ཁོང་མོའི་ཁྲི་འདོན་གསུང་བཤད་དེ་རྒྱ་དམར་ལ་འཛིན་ས་མེད་པ། ཐེ་ཝན་ལ་ཤོར་བ་མེད་པའི་གོར་གོར་གོ་རེ་འདྲ་འདྲ་ཞིག་རེད། ཡིན་ན་ཡང་། སྤྱིར་བཏང་གིས་བཤད་ན་གསུང་བཤད་ཀྱི་མགོ་ནས་མཇུག་བར་དུ་ཞིབ་ཏུ་ཉན་ཚེ། རང་སྲུང་མང་དྲགས་པ་དང་ཕར་རྒོལ་མེད་པའི་གསུང་བཤད་ཅིག་རེད། རང་སྲུང་མི་བྱེད་རང་བྱེད་ཡིན་ཟེར་ན། འོ་ན་ཕར་རྒོལ་གྱི་ཚིག་ཟུར་ཙམ་ཡང་མེད་པ་དེར་རྒྱུ་མཚན་མེད། རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་བླ་མས་སློབ་མར་བཀའ་གཏང་གཏང་བྱེད་ཀྱིན་ཡོད་པས། ཐེ་ཝན་གྱིས་ངེས་པར་དུ་རང་ཚུགས་ཡོད་པའི་ངང་འདྲ་མཉམ་གྱི་སེམས་པ་བཟུང་ནས་རྒྱ་ནག་གཞུང་དང་འབྲེལ་འདྲིས་བྱེད་དགོས། ཕར་རྒོལ་ཟེར་བ་དེ་དྲག་པོའི་ཕར་རྒོལ་ཟེར་གྱིན་མེད་ལ། དཔེར་ན། རྒྱ་ནག་དེང་གཞུང་གིས “ཀྲུང་གོ་གཅིག” གི་ལྟ་བ་ལངས་ཕྱོགས་བཏོན་ན། ཐེ་ཝན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་འདོན་དགོས། རྒྱ་ནག་གིས “ཀྲུང་གོ་གཅིག་གི་རྩ་དོན” འོག་ད་གཟོད་ཆབ་སྲིད་གྲོས་མོལ་བྱས་ཆོག་ཟེར་ན། ཐེ་ཝན་གྱི་དམངས་གཙོའི་རྩ་དོན་འོག་ད་གཟོད་གྲོས་མོལ་བྱས་ཆོག་པའི་དགོས་འདུན་འདོན་དགོས། དེ་དང་དེ་ལྟ་བུའི་ཕར་རྒོལ་མ་བྱས་པར་རྒྱ་ནག་གཞུང་ལ་ཆུ་སྣ་གང་འདྲེན་བྱེད་དུ་འཇུག་ག་ལ་རུང་།
མཚམས་འདི་རུ་སྲིད་འཛིན་གྱི་ཁྲི་ཐོག་ནས་བབས་མ་ཐག་གི་ཐེ་ཝན་གྱི་སྲིད་འཛིན་ཟུར་བ་མཱ་ཡིན་ཇུག་གི་ལས་དབང་སྐོར་ཅུང་ཞིག་གླེང་ན་བསམ་བྱུང་། སྐུ་ཞབས་མཱ་ཡིན་ཇུག་སྲིད་འཛིན་གྱི་ཁྲི་ཐོག་ནས་བབ་མ་ཐག་ཉེས་མིང ༢༤ ལ་གདོང་ལེན་བྱེད་དགོས་པས། སྟབས་མ་ཡག་ན་བཙོན་འོག་ཏུ་ལྷུང་རྒྱུའི་ཉེན་ཁའང་ཡོད་པ་རེད། རེད་ཡ། ལོ་བརྒྱད་རིང་གི་སྲིད་འཛིན་གྱི་རྙོག་འཛིང་ཆེ་བའི་ལས་དོན་ཁྲོད། ལས་དོན་ཐམས་ཅད་མི་ཚང་མའི་བློར་འབབ་པ་མགུ་གང་བ་ཞིག་ཡོང་དཀའ་རྒྱུ་རེད། དེ་འདྲའི་དབང་དུ་སོང་ན། ལྕམ་ཚེ་ཡིན་ཝིན་ལོ་བརྒྱད་ཀྱི་རྗེས་སུ་ཡང་ཁྲིམས་ལ་ཐུག་སྲིད་པ་མ་རེད་དམ། ཐེ་ཝན་དམངས་གཙོའི་ལམ་ལ་ཞུགས་ནས་ལྕམ་ཚེ་ཡིན་ཝིན་སྲིད་འཛིན་བཞི་པ་དེ་རེད། སྲིད་འཛིན་གཉིས་པ་ཁྲིན་ཧྲིས་པེན་བཙོན་འོག་ན་ཡོད་བཞིན་པ་རེད། སྲིད་འཛིན་གསུམ་པ་མཱ་ཡིན་ཇུག་ཀྱང་ཁྲིམས་ལ་གཏུགས་ཡོད་པས། ཐེ་ཝན་གྱི་དམངས་གཙོ་དེ་ག་འདྲ་ཞིག་རེད་ཅེས་དོགས་འདྲི་མི་བྱེད་རང་བྱེད་རེད། ཐེངས་འདིའི་སྲིད་འཛིན་གསར་རྙིང་གི་དབང་ཆ་སྤྲོད་ལེན་ལ་གཞིགས་ན། ཐེ་ཝན་གྱི་ཆབ་སྲིད་ལམ་ལུགས་དེ་ཡང་དག་པའི་དམངས་གཙོའི་ལམ་ལུགས་ལ་ཞུགས་ཐུབ་ཡོད་པ་མཚོན་ཐུབ་པས། འཛམ་གླིང་མི་དམངས་ཀྱིས་མཐེ་བོར་བསྒྲེངས་ནས་བསྟོད་བསྔགས་བྱས་ཡོད། དེ་འདྲའི་ལམ་ནས་བསམ་བློ་བཏང་ཚེ། གཅིག་བགྱིས་ན་དེ་དམངས་གཙོ་དང་འབྲེལ་བ་ཆེར་མེད་པར། རིག་གནས་ཤིག་དང་འབྲེལ་བ་མེད་དམ་བསམ་པའི་དོགས་པ་ཞིག་ཀྱང་ངང་གིས་ཡོང་གི་འདུག ཀློག་མཁན་རྣམ་པ་ཚོར་དེའི་ཐད་དགོངས་ཚུལ་ག་འདྲ་ཡོད་ན།