རང་སྐྱོན་འགེབས་ཐབས། གཞན་མགོ་གཡོག་ཐབས།

201462271410170734_20.jpg
ཞིན་ཅང་ཨོ་རོམ་ཆི་གྲོང་ཁྱེར་གྱི་རྒྱ་དམག

རྒྱ་ནག་གཞུང་གིས་རྩ་འཛུགས་བྱས་པའི་ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་རིག་གནས་བརྗེ་རེས་ཚོགས་པ་ཟེར་བ་ཞིག་གིས་ད་ལྟ་ཡོ་རོབ་རྒྱལ་ཁག་ཏུ་སྐོར་སྐྱོད་བྱེད་མུས་སུ་ཡིན་པ་དང་། འཛམ་གླིང་ཡུ་གུར་བའི་ཚོགས་ཀྱི་མགྲིན་ཚབ་པས་གལ་ཏེ་རྒྱ་གཞུང་གི་འཐུས་ཚབ་ཚོགས་པ་དེས་བཤད་པའི་སྐད་དེ་དག་རྫུན་མིན་ན། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གི་གསར་འགོད་པ་རང་དབང་ངང་ཞིན་ཅང་དུ་སོང་ནས་གནས་ཚུལ་འཚོལ་ལེན་བྱེད་དུ་འཇུག་དགོས་ཞེས་བརྗོད་འདུག
ཁ་ཆེ་བའི་སྲོལ་རྒྱུན་གྱི་བསྙུང་གནས་ཟླ་བ་སྟེ་རམ་ཛཱན་ཟླ་བ(Ramadan)དེ་ཟླ་བ་རྗེས་མ་ཡིན་པ་དང་། ལོ་སྔོན་མའི་རམ་ཛཱན་ཟླ་བའི་སྐབས། རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བར་བཀག་རྒྱ་དང་ཚད་བཀག་གི་སྲིད་ཇུས་མང་པོ་ཞིག་གཏན་ཁེལ་བྱས་རྐྱེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་བའི་ཆོས་ལུགས་དད་མོའི་རང་དབང་ལ་བཀག་བསྡོམས་བྱས་པའི་ཚུལ་མིན་བྱ་སྤྱོད་ལ་དོ་སྣང་དང་སུན་འབྱིན་སྐྱོན་བརྗོད་བྱས་ཡོད་པ་རེད། ད་ལྟ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་ཞིན་ཅང་གཞུང་སྒྲུབ་ཁང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་ཧོང་ཇུང་ཞན་ཟེར་བས་དབུ་ཁྲིད་པའི་ཞིན་ཅང་གི་རིག་གནས་བརྗེ་རེས་ཚོགས་པ་ཟེར་བ་ཞིག་ཡོ་རོབ་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་བྱས་དང་བྱེད་མུས་སུ་ཡིན་ཞིང་།  སྤྱི་ཚེས ༢༤འི་ཉིན་ཧྥ་རན་སའི་རྒྱལ་ས་ཕཱ་རེ་སིར་འབྱོར་ཡོད་པ་དང་། ཉིན་གསུམ་རིང་ཕཱ་རན་སི་རུ་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་བའི་ཁྲོད། གཙོ་བོ་ཞིན་ཅིང་ཡུ་གུར་མི་དམངས་ཀྱིས་རང་དབང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ལུགས་དང་ཞིན་ཅང་གི་འཕེལ་རྒྱས་སྐོར་དྲིལ་བསྒྲགས་བྱས་འདུག གནས་ཚུལ་ལྟར་ན། རྒྱ་གཞུང་གི་འཐུས་ཚབ་ཚོགས་པ་དེ་ཧྥ་རན་སིའི་སི་ཊི་ར་སི་བྷིར་གྷི་དང་འཇར་མི་ནེའི་མོ་ནེ་ཁཱ་སོགས་སུ་སྐོར་སྐྱོད་བྱ་འཆར་ཡོད་པ་རེད།

གོང་ཞུས་རྒྱ་གཞུང་གི་ཞིན་ཅང་རིག་གནས་བརྗེ་རེས་ཚོགས་པ་ཟེར་བ་དེ་ཡོ་རོབ་དུ་ཡོང་ནས་ཞིན་ཅང་གི་ད་ལྟའི་གནས་སྟངས་དྲིལ་བསྒྲགས་སྤེལ་དང་སྤེལ་གྱིན་པའི་གནས་ཚུལ་ཐད་ཡོ་རོབ་འཇར་མི་ནེ་ན་ཡོད་པའི་འཛམ་གླིང་ཡུ་གུར་བའི་ཚོགས་ཆེན་གྱི་མགྲིན་པ་སྐུ་ཞབས་ཐེལ་ཞཱ་ཐི་ལགས་ཀྱིས་རྒྱ་ནག་གཞུང་གིས་ཞིན་ཅིང་རིག་གནས་བརྗེ་རེས་ཞེས་པའི་མིང་ཁྱེར་ནས་རྒྱ་ནག་གཞུང་རང་ཉིད་ཀྱིས་ཡུ་གུར་ས་ཁུལ་དུ་སྤེལ་བའི་གདུག་རྩུབ་ཆེ་བའི་སྲིད་ཇུས་དང་ཡུ་གུར་མི་དམངས་ལ་དྲག་གནོན་བྱས་པའི་ཉེས་པ་འགེབས་ཐབས་བྱས་པ་བརྒྱུད། ཡུ་གུར་བས་རྒྱ་ནག་གཞུང་ལ་མི་དགའ་བའི་རྒྱུ་མཚན་ངོ་མ་དེ་འཁྱོག་བཤད་བྱེད་འཆར་ཡིན་པས། རྒྱ་ནག་གཞུང་གི་དམིགས་ཡུལ་ནི་དྲག་གནོན་ཁྲིམས་མཐུན་དུ་བཏང་ནས། མགོ་གཡོག་མགོ་སྐོར་གྱི་གཡོ་སྒྱུ་བཀོལ་ནས་ཡོ་རོབ་མི་དམངས་ཀྱི་རྒྱབ་སྐྱོར་རག་ཐབས་བྱེད་ཀྱིན་ཡོད། གལ་ཏེ་རྒྱ་གཞུང་གི་འཐུས་ཚབ་ཚོགས་པ་དེས་བཤད་པའི་སྐད་དེ་དག་རྫུན་མིན་ན། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གི་གསར་འགོད་པ་རང་དབང་ངང་ཞིན་ཅང་དུ་སོང་ནས་གནས་ཚུལ་འཚོལ་ལེན་བྱེད་དུ་མི་འཇུག་པར་རྒྱུ་མཚན་མེད་པ་ཞིག་མ་རེད་དམ། ཞེས་སྐྱོན་བརྗོད་དང་དོགས་འདྲི་བྱས་འདུག