
“དྲུག་བཞི” དོན་རྐྱེན་ལ་དྲག་གནོན་དང “རིག་གསར” གནོན་འཚེ་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་དམ། འདི་ནི་དཔྱད་རིན་ཡོད་པའི་བརྗོད་གཞི་ཞིག་རེད་བསམ་བྱུང་།
སྤྱི་ཟླ ༦ ཚེས ༤འི་ཉིན་ནི། རྒྱ་ནག་དམར་པོའི་གཞུང་གིས་དྲུག་བཞི་དམངས་གཙོའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་ལོ ༢༧ འཁོར་པའི་མྱ་ངན་རྗེས་དྲན་གྱི་ཉིན་མོ་དེ་ཡིན། དེ་བཞིན་དུ་ད་ལོ་ནི་ལོ་བཅུའི་གོད་ཆག་ཆེན་མོ་རིག་གནས་གསར་བརྗེ་ཆེན་མོ་བྱུང་ནས་ལོ ༥༠ འཁོར་བའི་ལོ་དེའང་ཡིན། སྐྱོ་གར་དེ་གཉིས་ཀར་འབྲེལ་བ་ཅི་ཞིག་ཡོད་པ་ད་བར་དུ་བགྲོ་གླེང་མཐར་ཐུག་ཅིག་བྱས་མྱོང་མེད།
དྲུག་བཞི་ལས་འགུལ་སྐབས་སུ་འགལ་ཟླ་ཇེ་ཆེར་གཏོང་བྱེད་ཀྱི་ལོ་རྒྱུས་ཡིག་ཆ་དང་། རྒྱ་ནག་དམར་གཞུང་གིས་འཛེམ་བག་སྤུ་ཙམ་ཡང་མེད་པར་དམར་གསོད་བྱེད་རྒྱུའི་རྒྱུ་རྐྱེན་ནི། ༼ མི་དམངས་ཉིན་རེའི་ཚགས་པར༽གྱིས་སྤེལ་བའི ༤-༢༦ ཆེད་བརྗོད་རྩོམ་ཡིག་དེ་ཡིན། ཆེད་བརྗོད་རྩོམ་ཡིག་དེས “ཐེངས་དེའི་ལས་འགུལ་དེ་འཆར་གཞི་ཅན་གྱི་ལྐོག་གཡོ་ཞིག ཟིང་འཁྲུག་ཅིག ” ཅེས་ངོ་བོ་ངོས་འཛིན་གྱིས་མཚད་ཉིད་བཞག་པ་དང་། དེ་བཞིན་ཡང་ཆེད་རྩོམ་གྱིས “ངེས་པར་དུ་ལངས་ཕྱོགས་གསལ་ཐིང་གི་སྒོ་ནས་ཟིང་འཁྲུག་ལ་ངོ་རྒོལ་བྱེད་དགོས། ཆོད་སེམས་བརྟན་པོས་ཐོབ་སླ་བོ་མིན་པའི་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་གནས་སྟངས་འདི་སྲུང་སྐྱོང་བྱེད་དགོས། གལ་ཏེ་དེ་ལྟར་མ་བྱས་ཚེ་ཚབས་ཆེ་བའི་ཟིང་ཟིང་གི་གནས་སྟངས་བྱུང་ངེས ” ཡིན་ཞེས་བཀོད་ཡོད་པ་རེད།
༡༩༨༡ ལོར་ཏེང་ཞོ་ཕེང་གི་དབུ་ཁྲིད་འོག་གཏན་འབེབས་བྱས་ཤིང་། དུས་དེ་རིང་ད་དུང་རྒྱ་ནག་སྤྱི་ཚོགས་ཧྲིལ་བོས་མངོན་པར་བསྟོད་པའི༼རྒྱལ་ཁབ་བཙུགས་པ་ནས་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའི་ཐག་གཅོད༽ཟེར་བའི་ནང་། རིག་གནས་གསར་བརྗེ་ཆེན་མོ་ནི “ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ། མའོ་ཙེ་ཏུང་གི་སྐུ་ཚེས་མཇུག་ཏུ་བྱུང་བའི་ནོར་འཁྲུལ་ཞིག ཧ་ཅང་ཚབས་ཆེན་ཡིན་ཡང་། དེ་ནི་རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གསར་བརྗེ་བ་ཞིག་བྱས་པའི་ནོར་འཁྲུལ་རང་ཡིན ” ཞེས་འགྲེལ་བཤད་བྱས་ཡོད། དེ་བཞིན་དུ་ནོར་འཁྲུལ་བྱུང་དགོས་པའི་རྒྱུ་རྐྱེན་ནི། “རྒྱལ་ཁབ་ཀྱི་དབང་ཆ་གུང་ཁྲན་ཏང་ཁོ་ནས་སྒེ་གཅོད་བྱས་པ་མ་ཡིན་པར། ཏང་གི་དབང་ཆེ་གང་ཟག་སྒེར་གྱི་སྒེར་གཅོད་བྱས་པ་མང་དྲགས་པས་ཡིན། ཏང་ནང་ཁུལ་གྱི་སྒེར་གཅོད་དང་གང་ཟག་སྒེར་ལ་དད་གུས་ཀྱི་ངང་ཚུལ་དེ་འཕེལ་ཞིང་རྒྱས་པས་ཡིན”ཞེས་ཀྱང་འགྲེལ་བརྗོད་བྱས་ཡོད།
དེ་ལྟ་བུའི་གྲོས་ཆོད་ཅིག་གཏན་ལ་ཕབ་རྗེས། རྒྱ་ནག་གི་རྩོམ་རིག་དང་ཟློས་གར་རྩོམ་རིག་ཁྲོད་རིག་གསར་ལ་བསམ་ཞིབ་ཀྱི་དུས་ཡུན་ཞིག་ཧ་ཅང་འཁྲུག་པོས་ངང་བྱུང་ཞིང་། གནད་ཆེ་ས་དེ་དར་དམར་ལྷབ་ལྷུབ་ཏུ་གཡོ་བའི་སྲང་ལམ་གྱི་ཁྲོམ་སྐོར་ལས་མ་འདས། ཡང་ན་གློག་བརྙན༼ཧྥུ་རོང་གྲོང་ཚོ ༽ཟེར་བའི་མཇུག་རྫོགས་པའི་མཚམས་ཀྱི “ལས་འགུལ་སླེབས་བྱུང ” ཞེས་པའི་འཇིགས་སྐུལ་སོགས། དེ་མིན་རིག་གསར་གྱི་ངང་ཚུལ་སྐོར་ཞིག་ཀྱང་སྤྱི་བསྡོམས་བྱས་ཡོད་ལ། དཔེར་ན། ཡིག་ཆེན། དམར་སྲུང་དམག གང་ཟག་སྒེར་ལ་དད་གུས། རྩ་དོན་དང་ལམ་ཕྱོགས་ཐོག་སྐྱེལ་བ་ལ་སོགས།
ཐག་གཅོད་ཀྱིས་སྣེ་ཁྲིད་པའི་བསམ་ཞིབ་དེས། རིག་གསར་བསླངས་དགོས་པའི་རྒྱུ་རྐྱེན་ངོ་མ་དེ་སྦས་སྐུང་བྱས་པའི་མ་ཚད། བསམ་ཞིབ་བྱེད་རྒྱུར་ལོག་ལམ་དུ་ཁྲིད་ནས། འབྲས་བུ་དེ་རྒྱུ་རྐྱེན་དུ་གོ་ལྡོག་ཡོད། དཔེར་ན། གང་ཟག་སྒེར་ལ་དད་གུས་ནི་དབང་ཆ་དོ་མ་མཉམ་པའི་འབྲས་བུ་ཞིག་ཡིན་པ་མ་ཟད། ལྡོག་ཏུ་མེད་པའི་འབྲས་བུ་ཞིག་ཀྱང་ཡིན། གལ་ཏེ་དབང་ཆའི་གྲུབ་ཚུལ་ལ་བསམ་ཞིབ་མ་བྱས་པར། གང་ཟག་སྒེར་གྱི་དད་གུས་དེ་འགོ་ཁྲིད་པའི་གཤིས་ཀའི་དགའ་ཕྱོགས་ཤིག་ལ་ངོས་འཛིན་བྱས་ན། བསམ་ཞིབ་དེ་དགོས་མེད་ཁོག་སྟོང་ཞིག་ཡིན། འུར་ཤུབ་མེད་པར་དངོས་དོན་གཉེར་བའི་ཏེང་ཞོ་ཕེང་ལ་གང་ཟག་སྒེར་ལ་དད་གུས་ཆེད་མཁོ་བའི་དགོས་དགོས་ཐམས་ཅད་ཐོབ་རྗེས། རང་གཤིས་གཏུ་ཐུག་ཅན་གྱི་མའོ་ཙེ་ཏུང་ལས་ཁྱད་པར་མེད། དེའི་སྟབས་ཀྱིས་ཏེང་ཞོ་ཕེང་གིས་ལས་སླ་བོའི་སྒོ་ནས་མིང་ཙམ་ཡོད་པའི་ཆེས་མཐོ་དབུ་ཁྲིད་ཀྲའོ་ཙི་ཡང་ཟུར་དུ་བཞག་ནས། འཐབ་འཁོར་ཊན་ཁེ་དང་མེ་མདའ་ཆེད་དུ་མངག་ནས་ཞི་བདེའི་ངང་ཁྲོམ་སྐོར་རྔམ་སྟོན་བྱེད་ཀྱིན་པའི་སློབ་མ་ཚོ་དམར་གསོད་བྱས་པ་རེད།
༤-༢༦ ཆེད་རྩོམ་གྱིས་ཁྲོམ་སྐོར་རྔམ་སྟོན་བྱེད་ཀྱིན་པའི་སློབ་མ་ཚོའི་ཡིད་སེམས་སུ་གནོན་ཤུགས་ཐེག་དཀའ་བ་ཞིག་སྤྲད་པ་རེད། དེའི་རྨ་ཁ་དེ་དུས་དེ་རིང་དུ་དུང་སོས་མེད། དེ་ཡི་རྒྱུ་མཚན་གཙོ་བོ་ཞིག་ནི་རྒྱ་ནག་དེང་གཞུང་གི་སྣེ་ཁྲིད་པའི་རིག་གསར་ལ་བསམ་ཞིབ་ཁྲོད། དབང་ཆ་བཏང་འཛིན་གྱི་འབངས་མིའི་ལས་འགུལ་དང་འབངས་མི་རང་འགུལ་གྱིས་ལངས་པའི་སྲང་མགོའི་ལམ་མདོའི་ལས་འགུལ་གཉིས་ཉ་ཉུང་མཉམ་བསྲེས་བྱས་པའི་མ་ཚད། སྤྱི་ཚོགས་ཟིང་འཁྲུག་གི་བསླངས་གཞི་ཏུ་ངོས་འཛིན་བྱས་ཡོད། ཆེད་རྩོམ་དེ་ལྷ་རྣམས་ཁྲོ་ཞིང་མི་རྣམས་འཁོན་པའི་སྣ་འདྲེན་དུ་གྱུར་མོད། འོན་ཀྱང་། འབངས་མི་སེར་གྱིས“ལས་འགུལ་སླེབས་བྱུང” ཞེས་པའི་སེམས་ཁྲལ་དེ་གཞི་མེད་སེམས་ཚོར་ཞིག་རྩ་བ་ཉིད་ནས་མིན། སློབ་མ་ཚོས་ངེས་པར་དུ་རང་ཉིད་ནི་རིག་གསར་གྱི་དམར་སྲུང་དམག་མིན་ལ་གསར་བརྗེ་མང་ཚོགས་དེ་བས་ཀྱང་མིན་པ་དབྱེ་འབྱེད་བྱེད་དགོས།
ཁྲག་དྲི་བྲོ་བའི་དྲག་གནོད་བྱས་རྗེས། རྒྱལ་ཡོངས་དམངས་ཆེན་ཟེར་བས༼ཁྲོམ་སྐོར་རྔམ་སྟོན་ཁྲིམས་སྲོལ༽ཟེར་བ་ཞིག་གཏན་འབེབས་བྱས་ནས། གོམ་གང་མདུན་སྤོས་ཀྱིས་ཁྲོམ་སྐོར་རྔམ་སྟོན་དང་ནག་ཉེས་གཉིས་ངོ་བོ་གཡེར་མེད་དུ་སྦྱར་འདུག “གལ་ཏེ་ཏེང་ཞོ་ཕེང་གིས་ཚད་ལྡན་དམག་དཔུང་མངག་ནས་དྲག་གནོན་མ་བྱས་ཚེ། རིག་གསར་ཟིང་འཁྲུག་དེ་གཅིག་བགྱིས་ན་རོ་ལངས་རྒྱག་སྲིད” ཅེས་པའི་བཤད་སྟངས་དེ་མང་ཉུང་ལ་མ་བལྟོས་པར་མི་མང་གིས་ངོས་ལེན་བྱས་ཡོད།
དྲུག་བཞི་དེ་དེ་འདྲ་ཞིག་ཡིན་པའི་མ་ཚད། རྒྱ་ནག་པ་མང་པོའི་མིག་ལམ་དུ། ཨ་རིའི “བོལ་སྲང་ལམ་བཙན་འཛིན་ལས་འགུལ ” དང་། ཐེ་ཝན་གྱི “མེ་ཏོག་ཉི་མ་ལོག་ལས་འགུལ”། ཧོང་ཀོང་གི “ཆར་གདུགས་ལས་འགུལ”སོགས། དེ་དག་ཚང་མར་རིག་གསར་དང་འདྲ་བོ་རུ་སྣང་ཡོད། ཁོང་ཚོར་དེ་དག་བར་གྱི་ཁྱད་པར་དབྱེ་འབྱེད་ཀྱི་ནུས་པ་མི་ལྡན་ཞིང་། སྲང་ལམ་གང་པའི་ཕྲད་དར་དང་འབོད་ཚིག་མཐོང་དུས། དེ་ནི་ཡིག་ཆེན་ནོ། ཡང་ཀི་འདེབས་ངར་སློང་གི་སྐད་འབོད་ཐོས་དུས། དེ་ནི་དམར་སྲུང་དམག་གོ ཡང་གལ་སྲིད་རྒྱུ་མ་ཕུ་འདེད་བྱས་ཚེ། རྩ་དོན་དང་ལམ་ཕྱོགས་ཐོག་སྐྱེལ་བའི་སྒྲིག་གཞི་དང་འགལ་བའི་བྱས་ཉེས་རེད་དོ་ཞེས་ངོས་འཛིན་བྱེད་ངེས་ཡིན།
ཞི་ཅིན་ཕེང་གི་སྐུ་འདྲ་བཤམས་པ་དང་། “ཞི་ཏཱ་ཏཱ” ཡི་བསྟོད་གླུ་སོགས་ཀྱིས་མི་མང་པོའི་སེམས་སུ་ད་དུང་ཡང་འཇགས་མེད་པའི་གང་ཟག་སྒེར་ལ་དད་གུས་ལས་བྱུང་བའི་གནོན་འཚེ་ཡང་བསྐྱར་བསླངས་ཡོད། ཞི་ཅིན་ཕེང་གིས་ཀྱང་ཏེང་ཞོ་ཕེང་ནང་བཞིན་ཆོ་ཤོ་རྩེད་མོ་ལ་གཡང་། ཚ་བོ་ཚ་མོ་དང་མཉམ་དུ་རྩེད་མོར་རོལ་ན། གང་ཟག་སྒེར་གྱི་དད་གུས་བརླག་འགྲོ་མི་སྲིད་ལ། འབྲས་བུ་དང་རྒྱུ་རྐྱེན་གཉིས་མགོ་རྟིང་སློག་པའི་རིག་གསར་གྱི་བསམ་ཞིབ་ཀྱིས་ཏེང་ཞོ་ཕེང་གིས་དམར་གསོད་ཀྱི་བཀའ་ཁྱབ་བཏང་། ལས་འཁྱུར་ངལ་གསོ་བྱས་ནས “ལྷོ་ཕྱོགས་གཟིགས་ཞིབ” ཀྱི་རྗེས་སུ། མི་རྣམས་པས་ད་དུང་ཡང་ཏེང་ཞོ་ཕེང་གིས་གང་ཟག་སྒེར་གྱི་དད་གུས་རག་ཐབས་བྱས་པར་འདོད་མེད།
དྲུག་བཞིའི་སྐྱོ་གར་གྱི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། རིག་གསར་ངང་ཚུལ་ཁྲོད་ཀྱི་དབང་ཆའི་གྲུབ་ཚུལ་དང་དམངས་གཙོའི་སྒྲིག་གཞི་ལ་བསམ་ཞིབ་ནན་མོ་ཞིག་གནའ་དེང་གཉིས་ཀར་བྱས་མྱོང་མེད་པ་དང་། དྲུག་བཞི་ནི་རིག་གསར་གནོན་འཚེའི་རྣམ་པ་གཞན་ཞིག་ལས་མ་འདས།
གལ་ཏེ་རིག་གསར་ལ་རྣམ་པ་གཅིག་ལས་མེད་པར་དགོངས་ན། རྩ་བ་ཉིད་ནས་སེམས་ཁྲལ་བྱེད་མི་དགོས། གཅིག་པ་གཅིག་རྐྱང་གི་གནོན་འཚེ་ཞིག་ཡོང་མི་སྲིད། གལ་ཏེ་རིག་གསར་ནི་དབང་ཆ་དོ་མ་མཉམ་པར་བྱུང་བའི་སྤྱི་ཚོགས་སྨྱོ་ཟིང་ཞིག་ཡིན་པར་འདོད་ན། གནོན་འཚེ་དེ་གནའ་ནས་དེ་རིང་བར་ང་ཚོ་དང་བྲལ་མྱོང་མེད་ལ། དྲུག་བཞིའི་དྲག་གནོན་ཡང་མཚམས་བཞག་མེད། དེ་རིང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དག་གིས་སློབ་མའི་ཚབ་བྱས་པ་དང་། བཙན་ཁྲིད་དང་མནར་གཅོད་ཀྱིས་འཐབ་འཁོར་ཊན་ཁེ་ཡི་ཚབ་བྱས་པ་ཙམ་རེད།