དགེ་མཚན་ལྡན་པའི་མཉམ་འབྲེལ།

400x400_IMAGE52644928
ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་གར་གྱི་སྲིད་བློན་མཱོ་དྷི་རྣམ་པ་གཉིས་ཀྱིས་ནང་གཏམ་བཤད་གྱིན་པའི་ཚུལ།

རྒྱ་གར་གྱི་སྲིད་བློན་ནཱ་རན་ཏཱ་ར མཱོ་དྷི་མཆོག་སྤྱི་ཟླ་དྲུག་པའི་མགོ་ནས་ཨ་མེ་རི་ཀར་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་མོལ་ལས་གཞན། ཨ་རིའི་གྲོས་ཚོགས་གོང་འོག་ཚང་འཛོམས་སར་གཏམ་བཤད་གནང་ཡོད། གནད་དོན་དབྱེ་ཞིབ་པས། ཐངས་འདིའི་འཚམས་གཟིགས་ཀྱིས་ཨ་རི་དང་རྒྱ་གར་གྱི་འབྲེལ་བ། ལྷག་པར་དུ་རྒྱལ་སྲུང་གི་མཉམ་འབྲེལ་བྱེད་ཕྱོགས་ཐད་སྡིངས་ཆ་གསར་བ་ཞིག་ལ་བསླེབས་པར་ངོས་འཛིན་བྱས་འདུག ཡིན་ན་ཡང་། རྒྱ་ནག་གཞུང་གི་མགྲིན་ཚབ་སྨྱན་བྱད་ཁག་གིས་རྒྱ་གར་གྱིས་མ་འོངས་པའི་འཕེལ་རྒྱས་མངོན་པར་འགྱུར་ཆེད་ཨ་རི་དང་ལག་གདང་དཔུང་སྦྲེལ་གྱིས་རྒྱ་ནག་འགོག་ཐབས་བྱེད་མི་སྲིད་ཅེས་ཉེན་བརྡའི་ཚུལ་དུ་བཏང་ཡོད་པ་རེད།

རྒྱ་གར་གྱི་སྲིད་འཛིན་མཱོ་དྷི་མཆོག་གིས་སྤྱི་ཟླ ༦ ཚེས ༨ ཉིན་ཨ་རིའི་གཟིགས་སྐོར་ལེགས་པར་འགྲུབ་ཡོད་པ་དང་། འཚམས་གཟིགས་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ལ་མཇལ་མོལ་གནང་བ་མ་ཟད། ཨ་རིའི་གྲོས་ཚོགས་གོང་འོག་ཚང་འཛོམས་སར་གཏམ་བཤད་གནང་ཡོད། ཨ་རིའི་ནང་གི་ཆུ་ཚོད ༤༨ རིང་གི་མཛད་རིམ་ཁྲོད། བྱ་འགུལ ༡༦ ལ་ཞུགས་ཡོད་པ་དང་། ལོ་བཅུ་ལྷག་གི་རིང་གྲོས་མོལ་རབ་དང་རིམ་པ་བྱས་མཐར ༼རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཁག་ཐེག་གྲོས་ཆོད༽བཞག་པའི་མ་ཚད། མཉམ་ལས་རང་བཞིན་གྱི་དམངས་སྤྱོད་ཉིང་རྡུལ་གས་འགྱུར་སྒྲིག་ཆས་འཛུགས་སྐྲུན་གྱི་གྲོས་ཆོད་ཅིག་ཀྱང་བཞག་པ་སོགས། ཨ་རི་དང་རྒྱ་གར་གྱི་འབྲེལ་བ་སྡིངས་ཆ་གསར་བ་ཞིག་ལ་བསླེབས།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལྷོ་ཨེ་ཞི་ཡ་དང་དཀྱིལ་ཨེ་ཞི་ཡའི་ལས་དོན་གྱི་དྲུང་ཆེའི་ལས་རོགས Nisha · Biscay ལགས་ཀྱིས། རྒྱ་གར་དང་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུ་དེ་ཨ་རིའི་ཁེ་ཕན་དང་མཐུན་པ་དང། ང་ཚོ་དང་རྒྱ་གར་བར་འཐབ་ཇུས་རང་བཞིན་གྱི་གྲོགས་པོའི་འབྲེལ་བ་དེ་སྲིད་འཛིན་ཨོ་བྷ་མའི་ཕྱིར་ཨེ་ཞི་ཡར་ལོགས་པ་ཞེས་པའི་འཐབ་ཇུས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན། འཐབ་ཇུས་དེས་ཤེས་པ་ཞིག་ནི། ཨ་རིར་བདེ་འཇགས་དང་དར་རྒྱས་ཡོང་དགོས་ན་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་བདེ་འཇགས་དང་དར་རྒྱས་བརྟན་དགོས་པ་དེ་རེད། ཅེས་བཤད་འདུག

རྒྱ་གར་གྱི་སྲིད་བློན་མཱོ་དྷི་ཡིས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་ཚང་འཛོམས་སར་དུས་ཡུན་སྐར་མ ༤༨ རིང་གཏམ་བཤད་གནང་ཡོད་པ་དང་། གཏམ་བཤད་སྐབས་ཐེངས ༡༥ ལ་གྲོགས་པོའི་འབྲེལ་བ་ཞེས་གླེང་ནས་ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་མཚོན་ཡོད་ལ། གཏམ་བཤད་ཐེངས ༦༨ ལ་དགའ་བསུའི་ཐར་མོ་བརྡབས་ནས་བཅད་ཡོད་པ་རེད། ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་ན་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས Allen • Singhལགས་ཀྱིས།  གཏམ་བཤད་དེས་ཨ་རི་དང་རྒྱ་གར་གྱི་འབྲེལ་ཐག་ཇེ་དམ་དུ་བཏང་བ་མ་ཟད། ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཆེན་མོའི་རྗེས་ཀྱི་འབྲེལ་ལམ་ལའང་རྨང་གཞི་བཞག་ཡོད་ཅེས་དང་། ཡང་ཁོང་གིས་དེ་དང་གཅིག་མཚུངས་ཀྱི་གལ་གནད་ཅན་ཞིག་ནི་ཨ་རིའི་འཛིན་སྐྱོང་བརྗེ་སྤོར་གྱི་ལོ་འདི་རུ། ཨ་རི་དང་རྒྱ་གར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་ཐོབ་ཡོད་པས། ངས་བསམ་ན་གྲོས་ཚོགས་ཚང་འཛོམས་སར་གཏམ་བཤད་སྐབས། འཐུས་མི་ཚོའི་དགའ་སྣང་དང་། གྲོས་ཚོགས་ཀྱིས་སྲིད་བློན་མཱོ་དྷེའི་གཟིགས་སྐོར་སྐབས་གོ་སྒྲིག་བྱས་པའི་བྱ་འགུལ་སྣ་མང་སོགས་ལས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཨ་རི་དང་རྒྱ་གར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུར་རྒྱབ་སྐྱོར་ཆེན་པོ་ཡོད་པ་དང་མུ་ནས་མུ་རུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་འཁྱོངས་བྱེད་རྒྱུར་ཐུན་མོང་མོས་མཐུན་ཡོད་པ་མཚོན་ཡོད། ཅེས་བཤད་འདུག

དེ་མིན་གོང་དུ་ཞུས་པ་ནང་བཞིན། མཱོ་དྷི་ཡི་གཟིགས་སྐོར་སྐབས་ཨ་རི་དང་རྒྱ་གར་བར༼རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ཁག་ཐེག་གྲོས་ཆོད༽བཞག་ཡོད་ལ། གྲོས་ཆོད་དེ་ལྟར་ན་ཨ་རི་དང་རྒྱ་གར་གཉིས་ཀའི་དམག་གི་རྟེན་གཞི་ཁག་མཉམ་བཀོལ་བྱས་ཆོག་པ་དང་། དེ་མིན་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་ལས་དོན་མཁོ་འདོན་དང་ཞིག་གསོ་བྱས་ཆོག་པ་རེད། གྲོས་ཆོད་དེ་བཞག་པས་ཨ་རི་དང་རྒྱ་གར་གྱི་འགོག་སྲུང་ལས་དོན་ཐད་མཉམ་ལས་སྔར་ལས་ལྷག་པ་བྱེད་ཐུབ་པ་རེད། དེའི་ཆ་ནས་བཤད་ན་ཨ་རི་དང་རྒྱ་གར་གཉིས་མཉམ་གནས་མཉམ་ལས་བྱས་ནས་ས་ཁུལ་དེ་གར་འབུར་ནས་ཐོན་དང་ཐོན་གྱིན་པའི་རྒྱ་ནག་གི་སྟོབས་ཤུགས་སྙོམས་སྒྲིག་བྱ་རྒྱུར་ནུས་པ་རྒྱ་ཆེན་པོ་ཐོན་རྒྱུར་གདོན་མི་ཟ།

རྒྱ་ནག་གཞུང་འབྲེལ ༼ གོ་ལའི་དུས་བབ༽ གྱི་དབྱིན་ཡིག་པར་ངོས་སུ་རྒྱ་གར་གྱི་སྲིད་བློན་མཱོ་དྷི་མཆོག་གི་ཨ་རིའི་གཟིགས་སྐོར་རྫོགས་རྗེས་རྩོམ་ཡིག་སྤེལ་ནས། རྒྱ་གར་གྱིས་རྒྱ་ནག་འགོག་ཐབས་དང་ཡང་ན་ཕྱོགས་མཐའ་གདམ་ནས་རང་ཉིད་ལ་འཕེལ་རྒྱས་ཡོང་ཐབས་བྱེད་མི་སྲིད། ཅེས་ཉེན་བརྡའི་ཚུལ་དུ་བཀོད་འདུག

རྒྱ་གར་གྱིས་སྲིད་བློན་མཱོ་དྷི་མཆོག་གི་ཐེངས་འདིའི་གཟིགས་སྐོར་དེ་ཨ་རིའི་ཕེབས་ཐེངས་བཞི་བ་དེ་ཡིན་ཞིང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་ཐེངས་བདུན་པ་དེ་ཡིན། རྒྱ་གར་བ་ཚོས་མཱོ་དྷི་ནི་ཕྱི་འབྲེལ་སྨྱོན་པ་ཞེས་བཏགས་ཡོད་པ་ཇི་བཞིན། སྐུ་ཞབས་མཱོ་དྷི་ཡིས་སྲིད་བློན་གྱི་འགན་བཞེས་ནས་ལོ་གཉིས་ཀྱི་ནང་དུ། ཉི་མ ༩༥ ལ་ཕྱིའི་རྒྱལ་ཁབ་ཁག་ན་ཕྱི་འབྲེལ་གྱི་ལས་ལ་འབད་བརྩོན་བྱས་ནས། རྒྱ་གར་དེ་ཡང་བསྐྱར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསླེབ་ཐབས་བྱས་ཡོད།