ཆོས་དད་རང་དབང་ནི་ཡོངས་ཁྱབ་རིན་ཐང་ཡིན།

images.jpg
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁོ་རེ་སི སི་མི་ཐེ་མཆོག

ཨ་རི་ཕྱི་འབྲེལ་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་འགན་འཛིན་སྐུ་ཞབས་ཌེ་ཝེ་ཌི སི་ཕར་སི་ཊེན་མཆོག་གིས་སྤྱི་ཟླ ༦ ཚེས ༡༦ ཉིན། གོ་ལ་ཧྲིལ་བོའི་ཆོས་ལུགས་རང་དབང་གི་འཇིག་ཉེན་དང་དེ་བཞིན་ཨ་རིའི་ཕྱི་སྲིད་སྲིད་ཇུས་བཅས་ཀྱི་སྐོར་ལ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཨ་ཧྥི་རི་ཀ་དང་། གོ་ལ་ཧྲིལ་བོའི་འཕྲོད་བསྟེན། མི་ཐོབ།  རྒྱལ་སྤྱིའི་རྩ་འཛུགས་ཚོགས་ཆུང་དུ་ཉན་ཞིབ་གནང་ཡོད་པ་དང་། དེ་ཡང་ཚོགས་ཆུང་དེའི་དབུ་ཁྲིད་དང་ལོ་མང་རིང་རྒྱ་ནག་གི་མི་ཐོབ་ལ་ཐུགས་ཁུར་གནང་མཁན་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁི་རེ་སི སི་མི་ཐི་མཆོག་གིས་ཆོས་ལུགས་རང་དབང་ནི་ཨ་རིའི་རང་དབང་དང་པོ་དེ་ཡིན་ཞིང་། དེ་ནི་ཨ་རི་རྒྱལ་ཁབ་བཙུགས་པའི་ཕུགས་བསམ་ཡིན། དེ་ནི་ཨ་མེ་རི་ཀའི་རིན་ཐང་ཙམ་མིན་ལ། དེ་ནི་ཡོངས་ཁྱབ་རིན་ཐང་ཡིན་ཞེས་བརྗོད་འདུག

 

ཡང་སྐུ་ཞབས་སི་མི་ཐི་མཆོག་གིས། བློ་ཕམ་པ་ཞིག་ལ། འཛམ་གླིང་སྟེང་ས་ཁུལ་མང་པོ་ཞིག་ཏུ་གཞི་རྩའི་རང་དབང་དེ་ལ་རྒྱུན་ཆད་མེད་པར་དྲག་པོའི་རྒོལ་རྡུང་ཐེབས་དང་ཐེབས་མུས་སུ་ཡིན་ལ། འཛམ་གླིང་འདི་ཆོས་ལུགས་རང་དབང་འཇིག་ཉེན་ལ་ཐུག་ཡོད། བྱ་སྤྱོད་དེས་དཀྱིལ་ཤར་དང་། དཀྱིལ་ཨེ་ཞི་ཡ། ཤར་ཨེ་ཞི་ཡ། ཨུ་རུ་སུ། རྒྱ་ནག སཱ་ཧ་ར། ལྷོ་ཨ་ཧྥི་རི་ཀ་བཅས་སུ་ཨ་རིའི་ཁེ་ཕན་ལ་ཐད་ཀར་དུ་འགྲན་སློང་གིན་ཡོད་ཅེས་བརྗོད་འདུག

དེ་བཞིན་དུ་ཨ་རི་ཕྱི་འབྲེལ་ལྷན་ཁང་གི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་འགན་འཛིན་སྐུ་ཞབས་ཌེ་ཝེ་ཌི སི་ཕར་སི་ཊེན་མཆོག་གིས། ༢༠༡༦ ལོའི་ཆོས་ལུགས་རང་དབང་སྙན་ཐོའི་ནང་རྒྱ་ནག་དེ་ཡང་བསྐྱར་ལྟ་རྟོག་འོག་གི་རྒྱ་ཁབ་ཀྱི་མིང་ཐོའི་ནང་བཞག་འདུག ༢༠༡༥ ལོའི་སྤྱི་ཟླ ༨ པར་ཁོང་ཚོ་རྒྱ་ནག་ཏུ་སོང་པ་ཡིན་ལ། ས་ཁུལ་ཁག་ཅིག་ནས་དགེ་མཚན་ལྡན་པའི་འཕེལ་རྒྱས་མཐོང་སོང་། ཡིན་ན་ཡང་ས་ཁུལ་ཁག་མང་པོ་ཞིག་ལ་ཚད་བཀག་ནན་མོ་བྱས་འདུག

དེ་བཞིན་དུ་ཡང་ཁོང་གིས། རྒྱ་ནག་དེང་གཞུང་གིས་བོད་ཀྱི་ནང་པ་བ་དང་ཧྥ་ལོང་ཀོང་སྒོམ་གྲུབ་ཚོགས་པའི་རྗེས་འབྲང་པར་དྲག་གནོན་བྱེད་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་པ་ལས་ཇེ་ལྷོད་དུ་བཏང་མེད། དེ་བཞིན་དུ་ཡུ་གུར་ཁ་ཆེ་བའི་ཐོག་རྒོལ་རྡུང་དང་དྲག་གནོན་སྔར་ལས་ལྷག་པ་བྱེད་ཀྱིན་ཡོད། དེ་མིན་རྒྱ་ནག་གི་དཔོན་རིགས་ཚོས་རྒྱལ་གཅེས་ཆོས་ལུགས་ཚོགས་ཁག་ཟེར་བ་དག་ཏུ་དད་པ་ཆབ་སྲིད་ཅན་དུ་བསྒྱུར་ཐབས་བྱས་ནས། བཙན་དབང་གིས་ཡི་ཤུའི་ཆོས་གཞུང་ལ་འགྱུར་བ་བཏང་ནས་སྤྱི་ཚོགས་རིང་ལུགས་དང་མཐུན་ཐབས་བྱས་འདུག དེ་མིན་རྒྱ་ནག་གཞུང་གིས་ཀྲིག་ཅང་ས་ཁུལ་དུ་ཡི་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས་རྒྱ་གྲམ་གཏོར་བཤིག་གི་ལས་འགུལ་རེ་ཞིག་ལ་མཚམས་བཞག་ཡོད་པ་འདྲ། ཡིན་ན་ཡང་སྒེར་བའི་ཆོས་ལུགས་དད་མོས་རང་དབང་སྲུང་སྐྱོབ་བྱེད་མཁན་ཚོར་མུ་མཐུད་ནས་དྲག་གནོན་བྱེད་ཀྱིན་ཡོད། དཔེར་ན་ཡི་ཤུའི་ཆོས་དཔོན་པའོ་གུའོ་ཧྭ་དང་ཁོང་གི་བཟའ་ཟླ་ཞིན་ཝེན་ཞིང་ལྟ་བུ་རེད། ཨ་རི་གཞུང་གིས་མུ་མཐུན་ནས་ཁོང་གཉིས་གྲོད་བཀྲོལ་གཏོང་རྒྱུར་འབོད་སྐུལ་འབད་བརྩོན་གནང་གིན་ཡོད་ཅེས་སོགས་གསུངས་འདུག

ཉན་ཞིབ་ཚོགས་འདུ་དེ་སྐོང་བཞིན་པའི་སྐབས་སུ་བོད་མའི་དབུ་ཁྲིད ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་དུ་ཆོས་འབྲེལ་གྱི་མཛད་རིམ་སྐྱོང་བཞིན་ཡོད་སྟབས། ཉན་ཞིབ་ཚོགས་ཆུང་གི་དབུ་ཁྲིད་སྐུ་ཞབས་སི་མི་ཐི་མཆོག ༧གོང་ས་མཆོག་དང་མཇས་འཕྲད་གནང་ཡོད་པ་རེད།
གྲོས་ཚོགས་འཐུས་མི་སྐུ་ཞབས་སི་མི་ཐི་མཆོག་གིས་གསར་འགོད་པའི་བཅར་འདྲི་སྐབས། ཨོ་བྷ་མ་གཞུང་གིས་སྔར་ལས་ལྷག་པའི་ཐབས་ལམ་ལ་བརྟེན་ནས་ཆོས་ལུགས་དད་མོས་རང་དབང་གི་གནད་དོན་ཐད་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས། སྲིད་འཛིན་ཨོ་བྷ་མ་མཆོག་གྲོས་ཚོགས་ཀྱི་སྲིད་ཚོགས་གཉིས་ནང་བཞིན། ཧིར་ཐག་འབད་ཐག་གིས། བློ་གཅིག་སེམས་གཅིག་གིས་རྒྱ་ནག་གཞུང་གིས་མི་ཐོབ་རྡོག་རོལ་དུ་བཏང་བ་དང་ཆོས་ལུགས་ལ་གནོད་འཚེ་བཏང་བར་འགན་འཁུར་དགོས་པའི་རེ་འདུན་འདོན་དགོས། ཉེ་ཆར་སྤེལ་བའི་ཉན་ཞིབ་ཅིག་གི་སྟེང་། བོད་ཀྱི་གྲྭ་བ་ཞིག་གིས་གང་ཉིད་ལ་འདྲི་རྩད་སྐབས་ཉིན་ཞག་བརྒྱ་དང་ཁ་ལྷག་ལ་ལྕགས་ཀྱི་རྐུབ་སྟེགས་སྟེང་ཟ་བརྒྱབས་ནས་བཞག་པ་མ་ཟད། ད་དུང་གཅར་རྡུང་སོགས་མནར་གཅོད་ཚད་ལས་བརྒལ་བ་བྱས་ལུགས་ངོ་སྤྲོད་གནང་ཡོད་པས། སྲིད་འཛིན་ཨོ་བྷ་མས་ངེས་པར་དུ་གྲོས་གཞི་འདི་དག་འདོན་དགོས། ང་ཚོས་ངེས་པར་དུ་དེ་ལྟར་བསྒྲུབ་དགོས།

ཏཱ་ལའི་བླ་མས་ཧ་ཅང་ཧ་ཅང་གི་ཞི་འཇམ་དང་ཞི་བདེའི་ཐབས་ལམ་ལ་བསྟེན་ནས། དབུ་མའི་ལམ་གྱི་དགོངས་གཞི་ཇི་བཞིན་རང་བཙན་མ་མིན་ཡང་ཚད་གཞི་ངེས་ཅན་གྱི་རང་སྐྱོང་ཞིག་ལ་རེ་བ་བཅངས་ཡོད་པས། དེ་ཡང་ཧ་ཅང་གི་གནས་ལུགས་དང་མཐུན་པའི་རེ་འདུན་ཞིག་རེད་ཅེས་དང་། ཡང་ཁོང་གིས། ཞི་ཅིན་ཕེང་གིས་ཆོས་ལུགས་ཚང་མ་རྒྱ་ནག་ཅན་ལ་བསྒྱུར་ཐབས་གནང་གི་ཡོད། དེ་ནི་དད་པ་ཡོད་ཚད་ལ་རྒོལ་རྡུང་ཐེབས་པའི་འཇིན་ཉེན་ཇེ་ཆེར་སོང་བ་ཞིག་རེད། རྒྱ་ནག་མི་དམངས་ལ་དེ་ལས་མང་པའི་རང་དབང་ཞིག་ཡོད་ཆོག རྒྱ་ནག་མི་དམངས་ཀྱི་གནས་སྟངས་དེ་ལས་བཟང་ཆོག ཐེ་ཝན་མི་དམངས་ཇི་བཞིན་རང་དབང་ཡོད་ཆོག ང་ཚོ་མི་ཚང་མར་མཚོན་ན། རང་དབང་ནི་སྲོག་རླུང་ནང་བཞིན་རེད། ཁོང་ཚོར་མི་ཚང་མའི་ངོས་ལེན་ཡོད་པའི་མི་ཐོབ་ཡོད་དགོས། ཁོང་ཚོའི་གནས་སྟངས་ད་ལྟའི་སྲིད་དབང་སྒེར་གཅོད་ལས་ཡག་དགོས་ཞེས་གསུངས་ཡོད་པ་རེད།