
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་གཤམ་འོག་གི་ཚོགས་ཆུང་གཉིས་ཀྱི་རྩ་འཛུགས་འོག སྤྱི་ཟླ ༣ ཚེས ༢༤འི་ཉིན། མི་གསོན་པོའི་ནང་ཁྲོལ་ལེན་པའི་ཐད་ཉན་ཞིབ་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། ཉན་ཞིབ་བསྐོངས་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་ཨ་ཧྥི་རི་ཀ་དང་གོ་ལ་ཧྲིལ་བོའི་ཚོགས་ཆུང་གི་འགན་འཛིན་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཁི་རི་སི སི་མི་ཐི་ལགས་དང་། ཕྱི་འབྲེལ་ལས་དོན་ལྷན་ཁང་གི་གསར་བྱུང་འཇིགས་སྐུལ་ཚོགས་ཆུང་གི་འགན་འཛིན་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ཌ་ན རོ་ར་བྷ་ཁིར་ལགས་བཅས་རྣམ་པ་གཉིས་ཀས་རྒྱ་ནག་གཞུང་གིས་ཉེས་མེད་བཙོན་མའི་ནང་ཁྲོལ་གསོན་ལེན་གྱི་སྤྱོད་ངན་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཉན་ཞིབ་ལ་ཞུགས་མཁན་དཔང་མིའི་ཁོངས་སུ་ཁཱ་ན་ཌའི་མི་ཐོབ་ཁྲིམས་རྩོད་པ་སྐུ་ཞབས་ཌ་ཝེ་ཌི མཱ་ཐ་སི་ལགས་དང་། ཨ་རིའི་བརྟག་ཞིབ་གསར་འགོད་པ་ཨེ་ཏེན གྷུ་སི་མན་ལགས། ཧཱ་ཝིར་ཌི་གཙུག་ལག་སློབ་ཆེན་གསོ་རིགས་གླིང་གི་ཕྱི་ནད་ཚན་ཁག་གི་དགེ་རྒན་ཆེན་མོ་ཧྥི་རན་སེ་སི ཌེལ་མོ་ནེ་ཁོ་ལགས། གོ་ལ་ཧྲིལ་བོའི་གུང་ཁྲན་ཚོགས་པ་ལས་ཕྱིར་འབུད་ཞབས་ཞུ་ལྟེ་གནས་ཁང་གི་མགྲིན་ཚབ་པ་ལའེ་ཞང་ཁྲོན་བཅས་ཡོད་པ་རེད།
སྐུ་ཞབས་མཱ་ཐ་སི་དང་། གྷུ་སི་མན། དེ་མིན་ཁཱ་ན་ཌ་ཕྱི་སྲིད་ལྷན་ཁང་གི་ཨེ་ཞི་ཡ་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཌ་ཝེ་ཌི ཁེལ་གྷོར་བཅས་མཉམ་འབྲེལ་གྱི་ལམ་ནས་ཉན་ཞིབ་ཚོགས་འདུ་དེའི་སྔན་ཉིན་མོར་ཤོག་གྲངས་བརྒྱད་བརྒྱ་ཅན་གྱི་རྒྱ་ནག་གཞུང་གིས་བཙན་དབང་གིས་ཉེས་མེད་བཙོན་མའི་ནང་ཁྲོལ་གསོན་པོར་ལེན་གྱིན་པའི་བརྟག་དཔྱད་སྙན་ཐོ་ཞིག་བཀྲམས་ཡོད་པ་དང་། སྐུ་ཞབས་མཱ་ཐ་སི་ལགས་ཀྱིས་ཉན་ཞིབ་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོར། ང་ཚོར་དེ་སྔ་ནས་བདེན་དཔང་རེག་ཡོད་ལ། རྒྱ་ནག་གུང་ཁྲིན་ཏང་གིས་ནང་ཁྲོལ་ལེན་རྒྱུའི་ཆེད་དུ། གཞི་རྒྱ་ཆེན་པོས་ཉེས་མེད་རྣམས་དམར་གསོད་བྱས་དང་བྱེད་གྱིན་ཡོད་པ་དང་། ཧྥ་ལོང་གུང་སྒོམ་གྲུབ་ཚོགས་པའི་རྗེས་འབྲང་པ་ལས་གཞན། ད་དུང་ཡུ་གུར་བ་དང་། བོད་མི། ཁྱིམ་ཚང་ཆོས་ཚོགས་ཀྱི་ཡེ་ཤུའི་ཆོས་ལུགས་པའང་ཐེ་ཡོད་ཅེས་དང་། དེ་བཞིན་ཁོང་ཚོའི་བརྟག་དཔྱད་སྙན་ཐོ་དེའི་ནང་། རྒྱ་ནག་གཞུང་གིས་དོན་དངོས་སུ་བཙན་དབང་གིས་མི་གསོན་པོའི་ཁོག་གི་ནང་ཁྲོལ་བླངས་པའི་གྲངས་ཀ་དེ་རྒྱ་ནག་གཞུང་གིས་བཤད་པའི་ལོ་རེར་ཁྲི་གཅིག་ལས་མི་ཚད་པ་དང་། སྨན་ཁང་དང་ནང་ཁྲོལ་བརྗེ་སྤོ་ལྟེ་གནས་ཁང་གི་བརྗེ་སྤོའི་གཤགས་བཅོས་བསྡོམས་ཚེ་ཕལ་ཆེར་ཁྲི་དྲུག་ནས་ཁྲི་བཅུ་ཡིན་པ་དང་། ཡིན་ཆོག་པའི་གྲངས་ཀ་དེ་ཁྲི་བཅུ་རེད་ཅེས་འགྲེལ་བརྗོད་གནང་པ་དང་། ཡང་ཁོང་གིས་ང་ཚོས་ཕྱོགས་སོ་སོའི་གྲངས་ཀ་དང་ཡིག་ཆ་དག་ལ་བརྟག་དཔྱད་ཞིབ་མོ་བྱས་རྗེས། རྒྱ་ནག་གཞུང་གི་བཤད་སྟངས་དང་དོན་དངོས་བར་ཧེ་བག་ཆེན་པོ་ཡོད་པས། རྒྱ་ནག་གཞུང་གིས་བཙན་དབང་གིས་ཧྥ་ལོང་གུང་སྒོམ་གྲུབ་ཚོགས་མིའི་ནང་ཁྲོལ་ལེན་ཆེད་དམར་གསོད་བྱས་པའི་གྲངས་ཀ་དེ་དེ་སྔའི་ཚོད་དཔག་ལས་མཐོ་བ་ཤེས་ཐུབ་ཅེས་འགྲེལ་བརྗོད་བྱས་འདུག
ཟླ་བ་འདིའི་བསྟོད་དུ་ཨ་རིའི་གྲོས་ཚོགས་འོག་མས་གྲོས་ཆོད་ཨང ༣༤༣ པ་ཞེས་པ་ཞིག་བཞག་ནས་རྒྱ་ནག་གཞུང་གིས་འདས་པའི་ལོ ༡༧ རིང་བཙན་དབང་གིས་ཉེས་མེད་བཙོན་མའི་ནང་ཁྲོལ་གསོན་ལེན་བྱེད་པའི་སྤྱོད་ངན་མཚམས་འཇོག་དགོས་པར་སྐུལ་འདེད་གནང་ཡོད་པ་རེད། གྲོས་ཆོད་དེས་ཨ་རི་ཕྱི་སྲིད་ལྷན་ཁང་གིས་ནང་ཁྲོལ་བརྗེ་སྤོ་དང་འབྲེལ་བ་ཅན་རྒྱ་ནག་སོགས་ཀྱི་མི་སྒེར་དང་ཚོགས་པར་ཨ་རིར་ཡོང་རྒྱུའི་མཐོང་མཆན་ཝེ་ཟཱ་སྤྲད་མི་ཆོག་ཅེས་བཀོད་ཡོད་པ་རེད།
ཉན་ཞིབ་ཚོགས་འདུའི་གཙོ་འཛིན་པ་སྐུ་ཞབས་རོ་ར་བྷ་ཁིར་ལགས་ཀྱིས་གསར་འགོད་པར་མི་སུ་དང་གང་ཡིན་ཡང་རྣམ་པ་འདྲ་མིན་གྱི་ནང་ཁྲོལ་བརྗེ་སྤོ་རིགས་ལ་གཟབ་ནན་གྱི་གདོང་ལེན་བྱེད་དགོས་པ་ང་ཚོས་བསྐྱར་བསྒྲགས་བྱེད་ཐུབ་པའི་རེ་བ་ཡོད། རྒྱ་ནག་ལྟ་བུའི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཅིག་ལ་མཚོན་ན། མི་གསོན་པོའི་ནང་ཁྲོལ་ལེན་པའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེ་ནི་ཀུན་སྤྱོད་དང་ཡོངས་སུ་འགལ་བའི་སྒོར་མོ་ལེན་ཐབས་ཤིག་ཡིན་པ་མ་ཟད། མི་དམངས་ལ་བཙན་གནོན་གྱི་རྣམ་པ་ཞིག་ཀྱང་རེད་ཞེས་དང་། དེ་བཞིན་ཉན་ཞིབ་ཚོགས་འདུའི་གཙོ་འཛིན་འཐུས་མི་བསླབ་པ་ཅན་སྐུ་ཞབས་སི་མི་ཐི་ལགས་ཀྱིས། ནང་ཁྲོལ་ལྐོག་ཚོང་ནི་ཧ་ཅང་གི་ཀླ་ཀློའི་བྱ་སྤྱོད་ཅིག་རེད། དེ་དང་ནཱ་ཚས་སྲིད་དབང་གི་བྱ་སྤྱོད་གཉིས་ཧ་ཅང་འདྲ་བོ་རེད། ད་ལྟ་འཛམ་གླིང་ས་ཁུལ་མང་པོ་ན་དོན་དག་དེ་བྱུང་གིན་ཡོད་ལ། ནང་སྒོས་སུ་རྒྱ་ནག་ན་ཡོད། རྒྱ་ནག་གི་དམག་མིས་ཧྥ་ལོང་གུང་སྒོམ་གྲུབ་ཚོགས་མི་དང་ཉེས་མེད་བཙོན་མ་གཞན་རྣམས་དམར་གསོད་བརྒྱུད་ཁོང་ཚོའི་ནང་ཁྲོལ་བླངས་ནས་མ་དངུལ་ཆེན་པོ་གསོག་ཐབས་བྱེད་ཀྱིན་ཡོད། རྩུབ་སྤྱོད་དེ་ངེས་པར་དུ་མཚམས་འཇོག་དགོས་ལ། ང་ཚོས་ངེས་པར་དུ་ཀླ་ཀློའི་བྱ་སྤྱོད་དེའི་རིགས་ཐེར་འདོན་བྱེད་དགོས་ཞེས་བརྗོད་འདུག