རྒྱ་ནག་དང་ཐེ་ཝན་བར་གཞུང་འབྲེལ་འབྲེལ་བ་ཆད།

b6a0a77419661c1
ཐེ་ཝན་སྲིད་འཛིན་ལྕམ་ཚེ་ཡིན་ཝེན།

ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡིན་ཝེན་གྱི་ཐོག་མཐའ་བར་གསུམ་དུ “གོ་གཉིས་ཐུན་མོང་གྲོས་མཐུན” ལ་ངེས་ལེན་མ་བྱས་སྟབས། མཚོ་འགག་གཉིས་ཀྱི་འབྲེལ་ལམ་ལས་ཁུངས་སྒོ་བརྒྱབས་ཟིན་པ་རྒྱ་གཞུང་གཞུང་གིས་ར་སྤྲོད་བྱས་འདུག
སྤྱི་ཟླ ༦ ཚེས ༢༤ ཉིན། ཐེ་ཝན་གཞུང་འབྲེལ་དྲྭ་རྒྱའི་སྟེང་སྤེལ་བའི་གསལ་བསྒྲགས་ནང་། ཐེ་ཝན་གཞུང་གིས་ཁམ་པོ་ཌེ་ཡས་ཐེ་ཝན་གྱི་མི་སེར་ཡིན་པ་གློག་འཕྲིན་སྙད་འདོགས་གཡོ་ལེན་དོགས་གཞི་མི་སྣ་སྐོར་ཞིག་རྒྱ་ནག་སྐམ་ས་ཆེན་མོར་རྩིས་སྤྲད་པར་ངོ་རྒོལ་བྱས་ཡོད་པ་རེད། ཚེས ༢༥ཉིན། རྒྱ་ནག་དབུས་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པ་ཨན་ཧྥིན་ཧྲན་ཟེར་བས་སྨྱན་བྱད་ཀྱི་དྲི་བར་ མཚོ་འགག་ཕྱོགས་གྱི་གཞུང་འབྲེལ་འབྲེལ་ལམ་སྒོ་བརྒྱབས་ཟིན་པ་ཐོག་དང་པོར་སྤྲོད་བྱས་ཡོད་པ་རེད། དེ་བཞིན་དུ་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས། ཨན་ཧྥིན་ཧྲན་གྱི་སྐད་ཆ་ལུང་དྲངས་ན། ད་ལོའི་སྤྱི་ཟླ ༥ ཚེས ༢༠འི་རྗེས་སུ། ཐེ་ཝན་ཕྱོགས་ནས་རྒྱ་ནག་གཅིག་གི་རྩ་དོན་མཚོན་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་སྟེ “གོ་གཉིས་སྤྱི་མོས་གྲོས་མཐུན” ལ་ངེས་ལེན་མ་བྱས་པས། མཚོ་འགག་གཉིས་ཀྱི་འབྲེལ་ལམ་ལས་ཁུངས་སྒོ་བརྒྱབས་ཟིན་པ་ཡིན་ཞེས་བཀོད་ཡོད་པརེད།

དེ་མིན་ཨན་ཧྥིན་ཧྲན་གྱིས། ཁྲིམས་ལུགས་ལྟར་གློག་འཕྲིན་སྙད་འདོགས་གཡོ་ལེན་ཉེན་ཅན་ལས་འགུལ་རིགས་ལ་རྡུང་རྡེག་དང་། གནོན་འཚེ་ཕོག་མཁན་ཚོའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་ནི་ལྷ་ཆོས་མི་ཆོས་དང་མཐུན་པའི་ལས་ཤིག་ཡིན་ན། མཚོ་འགག་ཕྱོགས་གཉིས་ཀའི་མི་དམངས་ཀྱི་བསྟོད་བསྔགས་ཐོབ་ངེས་ཡིན་ཞེས་ཀྱང་བརྗོད་འདུག

ཨ་རི་མཉམ་འབྲེལ་གསར་ལས་ཁང་གིས། དེ་ནི་རྒྱ་ནག་གཞུང་གིས་དེ་སྔར་བཏོན་པའི་འཇིགས་སྐུལ་དག་ལག་བསྟར་བྱས་པ་མཚོན་ཡོད་ལ། དེ་ནི་ལྕམ་ཚེ་ཡིན་ཝེན་ལ་འཁོན་ལན་སློག་པ་ཞིག་ཀྱང་ཡིན། དེ་བཞིན་དུ་དེ་ནི་ལྕམ་ཚེ་ཡིན་ཝེན་སྤྱི་ཟླ ༥ ཚེས ༢༠ ཉིན་ཐེ་ཝན་གྱི་སྲིད་འཛིན་ཆགས་རྗེས། རྒྱ་ནག་དབུས་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གིས་ཐོག་དང་པོར་མཚོ་འགག་གི་འབྲེལ་ལམ་ཆད་ཡོད་པ་ར་སྤྲོད་བྱས་པ་ཞིག་ཀྱང་ཡིན་ཞེས་བཀོད་འདུག

ལྕམ་ཚེ་ཡིན་ཝེན་ཁྲི་འདོན་གྱི་ཉིན་གཉིས་པར། རྒྱ་ནག་དབུས་ཐེ་ཝན་ལས་དོན་གཞུང་སྒྲུབ་ཁང་གིས“གོ་གཉིས་སྤྱི་མོས་གྲོས་མཐུན”རྒྱུན་འཁྱོངས་བྱས་ན་ད་གཟོད་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་བར་གྱི་འབྲེལ་ལམ་རྒྱུན་གནས་བྱེད་ཐུབ་ཅེས་ནན་གྱིས་བརྗོད་ཡོད་པ་རེད།