ལེ་ཌི་གྷ་གྷ་དང་རྒྱ་རིགས“ཧྥན་སི”།

 མཆན:“ཧྥན་སི”-འདི་ཕལ་ཆེར་མིང་ཚིག་གསར་བ་ཞིག་ཡིན་རྒྱུ་རེད་འདོད། སྒྲ་བསྒྱུར་མིང་ཚིག་ཅིག་ཡིན། དབྱིན་སྐད་དུ Fans དང་། རྒྱའི་སྐད་དུའང་སྒྲ་བསྒྱུར་གྱིས 粉丝 ཞེས་བྲིས་འདུག ནང་དོན་ནི། ལས་རྩལ་བ་དང་། གླུ་བ་གླུ་མ། གློག་བརྙན་འཁྲབ་མཁན་དག་ལ་དགའ་མོས་སྐྱེས་ནས་དེའི་རྗེས་སུ་འབྲང་མཁན་ལ་གོ འདི་ལྟ་བུའི་མིང་ཚིག་རིགས་ཐད་ཀར་སྒྲ་བསྒྱུར་བྱས་ན་དགེ་མཚན་ཡོད་པར་འདོད་ནས་དེ་ལྟར་བྱས་པ་ཡིན། གཤམ་གྱི་རྩོམ་ཡིག་ནང་འགྲེལ་བཤད་དང་མིང་ཚིག་གཉིས་ཀ་མཉམ་དུ་བཀོད་ཡོད། དེ་གོ་དོན་རྟོགས་རྒྱུ་ཁོ་ནར་དམིགས་པ་ཡིན།

Screen Shot 2016-07-03 at 17.42.02.png
༧གོང་ས་མཆོག་དང་ལེ་ཌི་གྷ་གྷ།

འཛམ་གླིང་ཧྲིལ་བོ་ན་མཚན་སྙན་གྲགས་ཤིན་ཏུ་ཆེ་བའི་ཨ་མེ་རི་ཀའི་གླུ་མ་ལེ་ཌི་གྷ་གྷ་ལགས་ཀྱིས་ཉེ་ཆར་ཨ་རིའི་ཨིན་ཌི་ཨ་ན(Indiana)མངའ་སྡེའི་རྒྱལ་ས་ཨིན་དི་ཨ་ན་ཨ་པི་ལི་སི(Indianapolis)རུ་བསྐོངས་པའི་གྲོང་ཁྱེར་སྤྱི་ཁྱབ་སུམ་བརྒྱ་ལྷག་འཛོམས་པའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཚོགས་མགོན་དུ་བོད་མིའི་སྐྱབས་མགོན ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཉམ་དུ་ཕེབས་ནས་བགྲོ་གླེང་གནང་བར། རྒྱ་ནག་གཞུང་དམངས་གཉིས་ཀས་གཤེ་གཤེའི་ཁ་རྡུང་དང་གཞི་མེད་སྐྱོན་འཛུགས་དྲག་པོ་བྱས་ཡོད་པ་དང་། ནང་སྒོས་སུ་གླུ་མ་ལེ་ཌི་གྷ་གྷར་དགའ་དད་ཅན་ཡིན་ཟེར་བའི་རྒྱ་རིགས་རྗེས་འབྲང་བ “ཧྥན་སི”དག་གིས“ལེ་ཌི་གྷ་གྷས་འཇིགས་སྐུལ་དྲག་སྐྱོད་པར་དཔུང་རོགས་བྱས་པ། རྒྱ་ནག་གི‘ཧྥན་སིའི’ བརྩེ་དུངས་ལ་གནོན་འཚེ་བཟོས་པ”ལ་སོགས་བརྗོད་ནས་ཁ་རྡུང་སྐྱོན་འཛུགས་བྱས་འདུག
༼ཀུ་ཤུ་ཉིན་རེའི་ཚགས་པར༽གྱི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་དང་། རླུང་བརྙན་འཕྲིན་ལས་ཁུངས། དྲྭ་རྒྱ་གཞུང་སྒྲུབ་ཁང་བཅས་ཀྱིས། ཕྱོགས་ཐམས་ཅད་ནས་ལེ་ཌི་གྷ་གྷ“སྒྲིབ་འགོག་སུབ་འདོར”བྱེད་དགོས་པའི་བཀའ་རྒྱ་རབ་དང་རིམ་པ་བཏང་ནས། རྒྱ་ཡོངས་སུ་སྨྱན་བྱད་རིགས་ཡོད་དོ་ཅོག་ཐམས་ཅད་ཀྱིས་ལེ་ཌི་གྷ་གྷའི་བརྩམས་ཆོས་སྤེལ་གཏོང་དང་བརྒྱུད་བཀོད་རིགས་ཚང་མ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག

ཁོང་ཚོའི་འོས་འཚམས་མ་ཡིན་པའི་བྱ་སྤྱོད་དེ་ལས་ཤེས་ཐུབ་པ་ཞིག་ནི། གླུ་མ་ལེ་ཌི་གྷ་གྷ་ལ་དགའ་དད་ཅན་ཡིན་ཟེར་བའི་རྒྱ་ནག་སྐམ་ས་ཆེན་མོའི“ཧྥན་སི” དེ་དག་གིས ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མི་ཤེས་པ་མ་ཟད། གླུ་མ་ལེ་ཌི་གྷ་གྷ་ཡང་མི་ཤེས། ཡང་བཤད་སྲོལ་གཞན་གཞི་གི་ལམ་ནས་བཤད་ན། ཁོང་ཚོས་སུ་ཡི་འཛམ་གླིང་ཞི་བདེ་ལ་སྐུལ་འདེད་བྱེད་ཀྱིན་པ་དང་། ཡང་སུ་ཡིས་འཛམ་གླིང་ཞི་བདེ་ལ་གནོད་འཚེ་བཟོ་བཞིན་པ་མི་ཤེས་ཤིང་། ཁོང་ཚོའི   “དགའ་ས་དད་ཡུལ”གྱི་དོ་སྣང་བྱེད་ཡུལ་གང་ཡིན་ཡང་མི་ཤེས། དེ་འདྲའི་ངོས་ནས་བཤད་ན། རྒྱ་ནག་གི “ཧྥན་སི”དེ་དག་དོན་གྱིས་“ཧྥན་སི”ཟེར་བ་དེ་མ་རེད། ཡང་དག་པའི་ལམ་ནས་བཤད་ན། ལེ་ཌི་གྷ་གྷའི་དགའ་དད་ཅན་ཡིན་ཟེར་བའི་རྒྱ་རིགས  “ཧྥན་སི”དེ་དག་རོལ་རྩེད་འཛད་སྤྱོད་པ་ལའང་མི་གཏོགས། “རྐུ་ཕབ་རོལ་དབྱངས་ལ་ཉན་མཁན་སྐོར་ཞིག་གིས་རྒྱ་ནག་གི་ཚོང་ར་ཤོར་འགྲོ་ཞེས་ལེ་ཌི་གྷ་གྷར་འཇིགས་སྐུལ་བ”དེ་ཇི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།
དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། རྒྱ་རིགས“ཧྥན་སི”ཁོང་ཚོས་ཁོང་ཚོ་རང་ཉིད་ཀྱང་མི་ཤེས་ཤིང་། ཁོང་ཚོ་ནི་རང་དབང་ངང་བསམ་འཆར་འདོན་མི་ཆོག་པའི་རིགས་ཚོགས་དེ་ཡིན་པའང་མི་ཤེས།

ཁོང་ཚོས་ཏཱ་ལའི་བླ་མ་མི་ཤེས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་མཉམ་གནས་ཡོང་ཆེད་གནང་དང་གནང་བཞིན་པའི་མཛད་པ་མི་ཤེས། ཤེས་ན་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཕུལ་ཡུལ་ཞིག་ལ་འཇིགས་སྐུལ་དྲག་སྤྱོད་པ་ཟེར་མི་སྲིད། ཁོང་ཚོས་ཨ་རིའི་ཨིན་ཌི་ཨ་ནའི་རྒྱལ་སར་བསྐོངས་པའི་བགྲོ་གླེང་ཚོགས་འདུ་དེ་མི་ཤེས། ཚོགས་འདུ་དེའི་བརྗོད་བྱ་བྱམས་བརྩེ་ཡིན་པའང་མི་ཤེས། ཚོགས་མགོན་དུ་ཕེབས་པའི ༧གོང་ས་མཆོག་དང་གླུ་མ་ལེ་ཌི་གྷ་གྷ་གཉིས་བགྲོ་གླེང་ཚོགས་འདུ་དེ་གོ་སྒྲིག་ཞུ་མཁན་གྱིས་གདན་འདྲེན་ཞུས་པ་མི་ཤེས། སྐུ་མགྲོན་རྣམ་པ་གཉིས་ཀྱིས་བགྲོ་གླེང་ཚོགས་འདུའི་སྟེང་ལྟ་གྲུབ་ཅི་ཞིག་བཏོན་ཡོད་པའང་མི་ཤེས། ལེ་ཌི་གྷ་གྷ་ནི་གླུ་མ་ཞིག་ཡིན་པ་ཙམ་ལས་གཞན་ཅི་ཡང་མི་ཤེས། ཁོང་མོས་ཆབ་སྲིད་བཙན་པོའི་དབང་ཡོད་རིགས་ལ་ངོ་རྒོལ་དང་སྒོས་སུ་གཞོན་སྐྱེས་ཚོའི་ནང་སེམས་སུ་ཞི་བདེ་བསྐྲུན་ཐབས་སུ་ཕྱག་ལས་མོད་པོ་བསྒྲུབས་དང་སྒྲུབ་ཀྱིན་པའང་མི་ཤེས། དེ་བཞིན་དུ་རྒྱ་ནག་གཞུང་གིས་གནའ་ནས་ད་བར་དུ་ཁོང་ཚོའི་རྣ་ལམ་དང་མཐོང་ལམ་དུ་བཏོན་པ་ཕལ་མོ་ཆེ་རྫུན་མ་བཅོས་མ་ཡིན་པའང་མི་ཤེས་ལ། རང་གི་གོ་བ་མཐོང་བ་ཕལ་མོ་ཆེ་དངོས་མ་ངོ་མ་དང་ལྡོག་ཟླ་ཡིན་པའང་མི་ཤེས།

མ་ཤེས་པ་དེ་ཚང་མ་ཁོང་ཚོའི་རང་སྟེང་གི་སྐྱོན་ཆ་ཡིན་ལ་ཁག་མེད་སའང་ཡོད། ཁོང་ཚོ་ཚང་མ་རྒྱ་ནག་གུང་ཁྲན་གཞུང་གི་བླུན་བསྒྱུར་སྲིད་ཇུས་འོག་མཚར་ལོངས་བྱུང་བ་ཤར་སྟག་ཡིན་སྟབས། ཕྱི་རོལ་རང་དབང་ཡུལ་གྲུ་ཁག་ཏུ་མ་ཐོན་པའི་བར་དུ་ངོ་མ་འཁྲུལ་མེད་རིགས་གོ་རྒྱུ་མཐོང་རྒྱུ་ཤེས་རྒྱུ་དེ་དངོས་གནས་ཧ་ཅང་གི་ཁག་པོ་རེད། ཡིན་ན་ཡང་བསྒྱུར་དུ་མེད་པ་ཞིག་ནི་ཁོང་ཚོའི་ཁྲག་རྒྱུན་ལ་འཐིམས་ཤིང་རུས་རྐང་ལ་ཟུག་པའི་རྒྱ་ནག་ཆེན་པོའང་མི་རིགས་རིང་ལུགས་ཀྱི་ལྟ་བུ་དེ་ཡིན། དེ་འདྲའི་བསམ་བློ་ཡ་མཚར་པོ་བྱུང་དོན་ལ་རྒྱ་ནག་དེང་གཞུང་གི་ལོ་མང་རིང་གི་འཁྱོག་བཤད་དང་བཅོས་མའི་དྲིལ་བསྒྲགས་དང་ཐད་ཀར་འབྲེལ་བ་ཡོད་ལ། དེ་མིན་པའི་རྒྱ་ནག་པའི་རིག་གཞུང་ལའང་འབྲེལ་བ་ཡོད་པར་སྙམ། དཔེར་ན་ཡུ་གུར་དང་བོད་ཁུལ་དུ་དོན་རྐྱེན་ཆེ་མ་ཆུང་གསུམ་ཅི་ཞིག་བྱུང་ཚེ། ས་ཁུལ་དེ་དག་ན་འཚོ་སྡོད་རྒྱ་རིགས་ཚོས་མ་སྐུལ་དང་བླངས་ཀྱིས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིར་དཔུང་རོགས་བྱས་པ་ལྟ་བུ་རེད། མི་རིགས་རིང་ལུགས་ཀྱིས་ཚོས་པའི་རྒྱ་རིགས་ཚོའི་མིག་ལམ་དུ་བོད་དང་ཡུ་གུར་བའི་མཚོན་པའི་རྒྱ་རིགས་མ་ཡིན་པའི་གྲངས་ཉུང་མི་རིགས་ཟེར་པ་དེ་དག་དུས་དང་རྣམ་པ་ཀུན་ཏུ “རང་རིགས་མིན་པའི་རིགས་ཚོགས་དེའི་སེམས་པ་ཁ་ཁ་ཡིན་པར་ངེས”ཞེས་པ་དེ་ཡིན་པས། བོད་དང་ཡུ་གུར་ལ་འབྲེལ་གནད་དོན་བར་ཐུག་ཚེ། རྒྱ་ནག་གཞུང་། རྒྱ་མི་རིགས། གུང་ཁྲན་ཏང་ཚང་མ་གཅིག་པ་གཅིག་རྐྱང་ངོ་བོ་དབྱེར་མེད་ཡིན། ཕྱི་ཕྱོགས་ན་འཚོ་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དག་གིས་རྒྱ་རིགས་དང་རྒྱ་ནག་གུང་ཁྲན་གཞུང་གཉིས་སོ་སོར་དབྱེ་ནས་བཤད་ཀྱིན་ཡོད་མོད། རྒྱ་ནག་རང་སྟེང་གི་གནད་དོན་ཐད་གཅིག་བགྱིས་ན་སོ་སོར་དབྱེ་ཆོག འོན་ཀྱང་། བོད་དོན་དང་ཡུ་གུར་བའི་གནད་དོན་ལ་ཐུག་ཚེ། རྒྱ་ནག་གུང་ཁྲན་གཞུང་དང་རྒྱ་རིགས་ལ་དབྱེ་བ་མེད། དཔེ་མཚོན་ཞིག་ནི། རྒྱ་རིགས་དམངས་གཙོ་དོན་གཉེར་བ་གྲགས་ཅན་སྐུ་ཞབས་ཝེ་ཅིན་ཧྲིན་གྱིས་ནམ་རྒྱུན “ཐོག་མར་རྒྱ་ནག་གི་གནད་དོན་ཐག་གིས་ཆོད་རྗེས། ད་གཟོད་བོད་དོན་ཐག་གཅོད་བྱ་དགོས” ཟེར། དེ་འདྲའི་བསམ་བློ་ནི་བོད་དེ་རྒྱ་ནག་གི་ཡིན་ཤག་ཤག་བྱས་ནས་བཤད་པ་ཞིག་རེད། དེ་བཞིན་དུ་ཕྱི་ཕྱོགས་ན་རྒྱ་རིགས་ས་ཡ་མང་པོ་ཡོད་པའི་ཁོངས་སུ་བོད་རང་བཙན་ལ་ངོས་ལེན་དང་རྒྱབ་སྐྱོབ་ཡོད་མཁན་རྒྱ་རིགས་ཚའོ་ཁྲང་ཆིན་དང་། ཐང་ཏན་ཧོང་སོགས་གསུམ་བཞི་ཙམ་མ་གཏོགས་མེད་པས། རྒྱ་རིགས་ཡིན་པ་གང་ཞིག་ལ་བོད་དོན་དང་ཡུ་གུར་བའི་གནད་དོན་ཐད་ཀྱི་ལྟ་བ་ལངས་ཕྱོགས་གཅིག་མཚུངས་ཡིན། དེ་དུས་རྒྱ་རིགས་འདི་རེད། གུང་ཁྲན་ཏང་གན་རེད། རྒྱ་ནག་གཞུང་དེ་རེད་ཅེས་བཀར་རྒྱུ་མེད།

གླུ་མ་ལེ་ཌི་གྷ་གྷ་ནི་གནོད་འཚེ་ཕོག་ཡུལ་ཡིན་དང་ཡིན། གནོན་འཚེ་དེ“ཚོང་ར་ཤོར་བ”ཙམ་གྱིས་མི་ཚད་པར། དེ་ནི་གཞུང་གི་སྐུལ་སློང་འོག་བྱུང་བའི་ལུས་སེམས་གཉིས་ཀར་ཐེབས་པའི་གནོད་འཚེ་ཡིན། དེ་བཞིན་དུ་དེ་ནི་རོལ་རྩེད་ལས་རིགས་ལ་དགོས་ངོས་ཀྱི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་ལ་ཕོག་པའི་གནོད་འཚེ་ཡང་ཡིན།

“ཧྥན་སི”ཡིན་མདོག་གི་རྒྱ་རིགས་དྲྭ་འབུ་དེ་ཚོས་གླུ་མ་ལེ་ཌི་གྷ་གྷ་ནི་ཐོག་མཐའ་བར་གསུམ་དུ་བཙན་པོའི་དབང་ཡོད་རིགས་སྣ་ཚོགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པ་ཤེས་མེད་པ་འདྲ། ལོ་ཤོས་སྔོན་ན་གཞོན་ཀྲོམ་ཉོག༼མཚན་མཐུན་པ༽ཞིག་གིས་བརྙས་བཅོས་མ་བཟོད་པར་རང་སྲོག་བཅད་རྗེས། ལེ་ཌི་གྷ་གྷས་སྲིད་འཛིན་ཨོ་བྷ་མ་དང་མཉམ་དུ་དོན་རྐྱེན་དེའི་སྐོར་བགྲོ་གླེང་བྱེད་རྒྱུའི་དགོས་འདུན་བཏོན་པ་རེད།

ཆབ་སྲིད་བཙན་པོའི་དབང་ཡོད་ཞེས་པའི་མིང་ཚིག་འདི་ཨ་རིའི་སྤྱི་ཚོགས་སུ་ཧ་ཅང་རྒྱུགས་ཆེ་བའི་མིང་ཚིག་ཅིག་ཡིན། དེའི་བསྟན་དོན་ནི་ཆབ་སྲིད་མི་སྣ་དང་རྩ་འཛུགས་ཀྱིས་ཆབ་སྲིད་དབང་ཤེད་ལ་བརྟེན་ནས་བརྙས་བཅོས་ཀྱི་ལས་བརྩམས་པར་ཟེར། རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་ཀྱིས་ཕྱིའི་འཇིག་རྟེན་གྱི་གནས་ཚུལ་ཤེས་རྟོགས་བྱེད་རྒྱུ་བཀག་སྡོམ་བྱས་པ་མ་ཟད། ཕྱིའི་གནས་ཚུལ་ནང་དུ་ཡོང་རྒྱུར་ཡང་བཀག་སྡོམ་བྱས་ཡོད་ལ། དེ་མིན་ད་དུང་རོལ་རྩེད་ལས་རིགས་ཀྱི་ཆབ་སྲིད་ལྟ་གྲུབ་མི་མཐུན་མཁན་ཚོ་རྒྱ་ནག་ཏུ་ཡོང་རྒྱུ་བཀག་སྡོམ་ནན་མོ་བྱས་ཡོད་པས། དེ་ཆབ་སྲིད་བཙན་པོའི་དབང་ཡོད་བྱས་པ་མིན་ན་དེ་ཅི་ཞིག་ཡིན་ནམ།

རོལ་རྩེད་སྐར་ཆེན་དག་གི་སྟོབས་ཤུགས་འགོག་མཁན་དེ་གཞུང་རེད། དེ་ཡིས་ཐད་ཀར་གནོན་ས་དེ་མི་དམངས་ཀྱི་ཁེ་ཕན་ཡིན། ཐལ་དྲགས་པའི་དཔེ་མཚོན་ཞིག་ནི། རིག་གསར་སྐབས་རྒྱལ་ཡོངས་མི་དམངས་ཀྱི་ཡཱང་པན་ཞི་ཟེར་བའི “དཔེ་མཚོན་ཟློས་གར” བརྒྱད་མ་གཏོགས་ལྟ་མི་ཆོག་པ་ལྟ་བུ་རེད།

མི་རྣམ་པས་རྒྱུན་ལྡན་གྱི་དངོས་ཡོད་གནས་ཚུལ་ཞིག་སྣང་མེད་དུ་བཞག་ཡོད། བཀག་སྡོམ་བཀའ་ཁྱབ་དེ་རང་དབང་ཡུལ་གྲུ་ཁག་ན་ཡོད་པའི་གླུ་བ་གླུ་མ་དག་ལ་ཕབ་པ་མ་རེད། རྒྱ་ནག་མི་དམངས་ཀྱི་རང་དབང་ངང་རོལ་རྩེད་རིགས་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་བཙན་འཕྲོག་བྱས་པ་རེད། བློ་ཡུལ་ལས་འདས་པ་ཞིག་ནི། བཀག་རྒྱ་ཐེབས་སའི་མི་དམངས་ཀྱིས་ཁོང་ཚོའི་རང་དབང་འཕྲོག་པར་ངོ་རྒོལ་མི་བྱེད་པ་མ་ཟད། སྟོབས་འབྱོར་རྒྱལ་ཁབ་ཅིག་ལ་འགྲན་ནུས་པའི་གླུ་མ་དེའི་དཔལ་འབྱོར་གྱི་ཁེ་ཕན་གླེང་ཡོད་པས། དངོས་གནས་བཤད་མི་ཤེས་པའི་རིགས་ཚོགས་ཤིག་གི་དགོད་བྲོ་བའི་བྱ་སྤྱོད་རང་རེད།

ང་ཚོས་ཡིད་ཆེས་ཆོག་པ་ཞིག་ནི། དུས་ཡུན་རིང་པོར་ཆབ་སྲིད་བཙན་པོ་དབང་ཡོད་ལ་ངོ་རྒོལ་བྱེད་མཁན་གླུ་མ་ལེ་ཌི་གྷ་གྷ་ཡིས་རྒྱ་རིགས “ཧྥན་སི”རྫུན་མ་དེ་ཚོའི་སྐྱོན་བརྗོད་དང་ཁ་རྡུང་དེའི་རིགས་ཅི་མི་སྙམ་པར་འདོར་ངེས་ཡིན་ལ། རྒྱ་ནག་ནང་འགྲོ་བསྐྱོད་བཀག་པ་དང་རྒྱ་རིགས “ཧྥན་སི”ཡི་དགའ་དད་བརླག་པའི་ཕྱིའི་སྐར་ཆེན་དག་གིས་རང་ཉིད་ཀྱི་བསམ་ཕྱོགས་དང་བྱ་སྤྱོད་ལ་ཞིབ་བཤེར་བྱེད་མི་།  ཁྱེད་རང་ཚོས་ཅི་ཡང་ནོར་མེད།

Advertisements