ཧྥ་རན་སིར་ཡང་དྲག་པོའི་འཇབ་རྒོལ་ཐེབས། ད་ཐེངས་ནེ་སི་གྲོང་ཁྱེར་རེད།

Atteck Nice of Frence.PNG
པར་འདི་གཞན་ནས་བཤུས།

ཧྥ་རན་སིའི་རྒྱལ་སྟོན་གྱི་ཉིན་མོར་གྲོང་ཁྱེར་ནེ་སི་རུ་ཚོང་ཟོག་དབོར་འདྲེན་རླངས་འཁོར་ཆེན་པོ་ཞིག་གིས་མི་ཚོགས་ནང་རྡུང་ཁ་བརྒྱབས་ནས་ཉུང་མཐའ་ཡང་མི ༨༤ བསད་ཡོད་པ་དང་། མི ༡༠༠ལྷག་ལ་རྨས་སྐྱོན་ཕོག་འདུག

དེ་ཡང་སྤྱི་ཟླ ༧ ཚེས ༡༤ སྟེ་ཧྥ་རན་སིའི་རྒྱལ་ཁབ་དབུས་བརྙེས་པའི་རྒྱལ་སྟོན་གྱི་ཉིན་དེའི་དགོང་མོའི་དུས་ཚོད ༡༡ ཡས་མས་སུ། ཧྥ་རན་སིའི་ལྷོ་ཕྱོགས་གྲོང་ཁྱེར་ནེ་སི་ཡི་འདུ་འཛི་ཆེ་བའི་སྲང་ལམ་ཞིག་ཏུ་ཚོང་ཟོག་དབོར་འདྲེན་རླངས་འཁོར་ཆེན་པོ་ཞིག་གིས་གློ་བུར་དུ་མི་མང་སྟོང་ཕྲག་མང་པོར་རྡུང་ཁ་བརྒྱབས་ནས། མི་ཚོགས་ནང་རྡུང་ཞོར་གསོད་ཞོར་སྤྱི་ལེ་གཉིས་ལྷག་ལ་སྨྱོ་འཁོར་སྨྱོ་རྒྱུགས་བྱས་པའི་མཐར།  རླངས་འཁོར་ཆེན་པོ་དེའི་ཁ་ལོ་བ་ཉེན་རྟོག་པས་མེ་མདས་བརྒྱབས་ནས་བསད་ཡོད་པ་རེད། ཉིན་ཤས་སྔོན་སྐྱེས་པ་དེས་ནག་ཉེས་བྱ་བ་བྱེད་སྤྱད་ལྗིད་ཐེག་རླངས་འཁོར་དེ་གླས་འདུག

ཧྥ་རན་སིའི་ནང་སྲིད་བློན་ཆེན་གྱིས་གསར་འགྱུར་སྨྱན་བྱད་ཁག་ལ་འགྲེལ་བཤད་བྱས་པར་གཞིགས་ན། ཚོང་ཟོག་དབོར་འདྲེན་རླངས་འཁོར་གྱིས་མི་ཚོགས་ནང་རྡུང་ཁ་བརྒྱབས་པའི་དོན་རྐྱེན་དེའི་ཁྲོད་ད་བར་དུ་ཉུང་མཐའ་ཡང་མི ༨༤ བསད་པ་དང་། མི ༡༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ནང་དུ་མི ༡༨ ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག དེ་མིན་གནས་ཚུལ་ལས་ཤེས་རྟོགས་ལྟར་ན། རྐྱེན་འདས་སུ་སོང་བའི་ཁྲོད་ཉེན་རྟོག་པ་མང་པོ་ཡོད་པ་དང་། བྱིས་པའང་ཡོད་འདུག

ཧྥ་རན་སིའི་སྲིད་འཛིན་ཨོ་ལན་ཌོ་མཆོག་གིས་ཚེས ༡༥ ཉིན་སྤེལ་བའི་རྒྱལ་ཡོངས་གཏམ་བཤད་སྐབས། ཚོང་ཟོག་དབོར་འདྲེན་རླངས་འཁོར་གྱིས་མི་ཚོགས་ལ་གང་བྱུང་རྡུང་ཁ་བརྒྱབས་པའི་དོན་རྐྱེན་དེར་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་ཀྱི་རང་བཞིན་ཡོད་པ་སྨོས་མ་དགོས་ཞེས་དོན་རྐྱེན་དེའི་ངོ་བོ་ངོས་འཛིན་བྱས་འདུག དེ་བཞིན་དུ་སྲིད་འཛིན་མཆོག་གིས་ཧྥ་རན་སིའི་ཛ་དྲག་གནས་སྟངས་དེ་ཟླ་བ་གསུམ་ལ་ཕྱིར་འགྱངས་བྱེད་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་འདུག

དེ་མིན་ཡང་གནས་ཚུལ་ལྟར་ན། ཚོང་ཟོག་དབོར་འདྲེན་རླངས་འཁོར་ཆེན་པོ་དེའི་ཁ་ལོ་བ་ནི། ལོ་ན ༣༡ ཅན་གྱི་ཧྥ་རན་སིའི་མི་སེར་ཡིན་པའི་ཐོ་ནེ་སི་རྒྱལ་ཁབ་ནས་ཡོང་བའི་སྐྱེས་པ་ཞིག་ཡིན་པ་རེད། སྐྱེས་པ་དེ་ཨེ་སེ་ལམ་ཁ་ཆེ་སྒྲིག་འཛུགས་དང་འབྲེལ་བ་ཡོད་མེད་ད་ལྟ་བརྟག་ཞིབ་བྱེད་ཀྱིན་པའི་སྒང་རེད།

ལོ་སྔོན་མའི་སྤྱི་ཟླ ༡༡ ཚེས ༡༣ ཉིན། ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སི་རུ་དྲག་པོའི་འཇབ་རྒོལ་བསྟུད་མར་བྱུང་ནས། སྐབས་དེར་མི ༡༢༩ ཤི་བ་དང་། ཡུལ་མི ༣༠༠ ལྷག་ལ་རྨས་སྐྱོན་ཕོག་པ་དང་། འདས་པའི་ལོ་གཉིས་ཀྱི་ནང་ཚུན་དུ་ཧྥ་རན་སི་ལ་དྲག་པོའི་འཇབ་རྒོལ་ཚབས་ཆེན་ཐེབས་གསུམ་ལ་བྱུང་བ་རེད།

Advertisements