
རྔམ་བརྗིང་ཆེ་ཞིང་གཏིང་ཟབ་པའི་རབ་འདེགས་རོལ་མོ་དེ་དང་མཉམ་དུ་ཞིབ་མོ་བློ་ཡིས་བྲིས་པའི་ཡི་གེའི་འགྲེལ་བཤད་ལས་སྐད་ཆ་མེད་པའི་བརྙན་ཐུང་ཞིག་སྟེ། རྩ་བའི་ཆ་ནས་དེ་ནི་རྒྱ་གཞུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བརྙན་ཐུང (https://www.youtube.com/watch?v=ooFeM-0-DWYབརྙན་ཐུང་དེར་གཟིགས་འདོད་ཡོད་ན་འབྲེལ་ཐག་འདི་ནས་གཟིགས་རོགས) ཞིག་རེད། འདི་ལྟ་བུའི་བརྙན་ཐུང་རིགས་ན་ནིང་དོ་ཚུགས་བསྟུད་མར་བྱུང་དང་འབྱུང་གིན་པས། ཚོར་སྣང་ལ་རྒྱ་ནག་དེང་གཞུང་གི་དྲིལ་བསྒྲགས་བྱེད་ཐབས་ཀྱང་དུས་རབས་ཀྱི་འགྱུར་ལྡོག་གི་འགྲོས་ལ་བསྟུན་ནས་གསར་བརྗེ་བྱེད་ཀྱིན་ཡོད་པ་འདྲ།
༼ཀློག་མཁན་ཚང་གི་བརྙན་པར༽ཞེས་པས་བཟོ་སྒྲིག་དང་། རྒྱ་ནག་མི་དམངས་ཆེས་མཐོའི་ཞིབ་དཔྱོད་ལྷན་ཁང་དང་དབུས་གུང་གཞོན་ཚོགས་པས་འགྲེམས་སྤེལ་བྱས་པའི་དུས་ཡུན་སྐར་མ་ལྔ་ཙམ་ཅན་གྱི་བརྙན་ཐུང་དེས། ཨེ་རག་དང་སེ་རེ་ཡ་སོགས་རྒྱལ་ཁབ་ཀྱི་འཁྲུག་ཟིང་དང་དཀའ་སྡུག་ནས་མགོ་བརྩམས་ཏེ། ཁྱིམ་ཚང་མང་པོ་ཁ་འཐོར་དགུ་འཐོར་དུ་སོང་བ་དང་། དོན་མེད་བྱིས་པ་མང་པོ་དྭ་ཕྲུག་དུ་ལུས་པའི་སྡུག་བསྔལ་མཚོན་པའི་མི་ལ་སེམས་འགུལ་ཐེབས་སུ་འཇུག་ནུས་པའི་བརྙན་དང་པར་སྐོར་ཞིག་བསྟན་རྗེས། བརྙན་ཐུང་ནང་ལམ་སང་གྲལ་སྒྲིག་པའི་རྒྱ་ནག་གི་དམག་དཔུང་དང་མི་དམངས་ཀྱི་ཉིན་རེའི་འཚོ་བ་བསྟན་ཡོད་པ་དང་། བརྙན་པར་དང་མཉམ་དུ་ཐོན་པའི་གསལ་བཤད་ནི། “ད་སྐབས་ཀྱི་རྒྱ་ནག་དེ་ཞི་བདེ་བརྟན་བརླིང་དང་། མི་དམངས་ཕལ་མོ་ཆེའི་འཚོ་བ་ཧ་ཅང་གི་སྟབས་བདེ་ཡིན་ཡང་། བདེ་སྐྱིད་ཡིན”ཞེས་དང་། བརྙན་ཐུང་མུ་མཐུད་དུ་འགྲོ་མུས་སུ་ཡིན་ཡང་སྐད་ཆའི་གླེང་ཁ་བསྒྱུར་ནས། “རྒྱ་ནག་ལའང་ནང་ན་བཀྲ་མི་ཤིས་པའི་རྩོད་ཉོག་དང་། ཕྱི་ན་དོན་མི་འགྲུབ་པའི་འཁྲུག་འཛིང་ཡོད་བཞིན་པ་ཡིན” ཞེས་འགྲེལ་བཤད་དང་མཉམ་དུ་ཐོན་པའི་བརྙན་པར་ནི༢༠༡༤ལོའི་ཐེ་ཝན་གྱི“མེ་ཏོག་ཉི་མ་ལོག་ལས་འགུལ” གྱི་པར་ཡིན་པ་དང་། དེ་བཞིན་དུ་དཔེ་འཇོག་ཏུ“ཏོའུ་ཡེ་གླིང་ཕྲན་གྱི་རྩོད་པ” དང་། “ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འཇབ་རྒོལ་ཐེབས་ཚུལ”། “ལྷོ་རྒྱ་ནག་རྒྱ་མཚོའི་བདག་བདག་ཐད་ཀྱི་ཁྲུན་ཐག་བཅད་ཁྲ་ཡིས་རྒྱ་ནག་གི་རྒྱལ་ཁབ་ཁེ་ཕན་ལ་ཉེན་འཚེ་བཟོས་ལུགས”། དེ་མིན“བོད་ཁ་བྲལ་བ། ཡུ་གུར་ཁ་བྲལ་བ། ཧོང་ཀོང་ཁ་བྲལ་བ། ཐེ་ཝན་ཁ་བྲལ་བ”དང“ལྟ་དད་ཁ་ཁ་ཅན་གྱི་དབུ་ཁྲིད། བ་མ་ཤི་ལྕི་བ་འཛད་མེད་ཀྱི་ཁྲིམས་རྩོད་པ”བཅས་ཀྱིས་རྒྱལ་ཁབ་ནང་གི་བརྟན་བརླིང་དང་འཆམ་མཐུན་ལ་གནོན་འཚེ་བཏང་ལུགས་བཀོད་འདུག
དེའི་ཁྲོད་དུ། བོད་ཁ་བྲལ་བ་གླེང་དུས་སུ་ད་ལོའི་སྤྱི་ཟླ་དྲུག་པར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨི་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་སྐབས་ཀྱི་པར་དང་། ཧོང་ཀོང་ཁ་བྲལ་བ་གླེང་དུས་སུ“ཧོང་ཀོང་དཀྱིལ་འཛིན་དོན་རྐྱེན” ཁྲོད་སློབ་མའི་དབུ་ཁྲིད་ཧོང་ཀྲི་ཧྥིན་གྱི་པར། ཐེ་ཝན་ཁ་བྲལ་བ་གླིང་དུས་སུ། ད་ལོར་གསར་དུ་བདམས་པའི་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་ཡིན་ཝིན་དང་སྲིད་འཛིན་ཟུར་པ་སྐུ་ཞབས་ལའེ་ཏེང་ཧས་ཀྱི་པར་སྦྱར་འདུག
སྐར་མ་ལྔ་ཅན་གྱི་བརྙན་ཐུང་དེས་གོང་ཞུས་དོན་རྐྱེན་དེ་དག་ཚང་མར་ཐུན་མོང་གི་ཁྱས་ཆོས་ཤིག་བརྙེད་པ་ནི། “དེ་དག་ཚང་མའི་རྒྱབ་ན་དཀར་པོ་དམར་པོ་སྔོན་པོས་གྲུབ་པའི་ཨ་རིའི་རྒྱལ་དར་ཡོད” ཅེས་བཀོད་འདུག དེ་བཞིན་དུ “སུའུ་ལན་དང་། ཨེ་རྗེབ། སེ་རེ་ཡ་སོགས་ཨ་རིས་ཐེ་གཏོགས་བྱས་ཏེ་དཀྲུག་ཟིང་བཟོས་པའི་རྒྱལ་ཁབ་དེ་དག་ད་ལྟ་ནང་འཁྲུག་དང་རྩོད་ཟིང་ནང་ལྷུང་ནས་རེ་བ་མེད་པའི་གནས་ན་ཡོད། ཡིན་ན་ཡང་རྒྱ་ནག་དུས་དང་རྣམ་པ་ཀུན་ཏུ་སོའུ་ལན་གཉིས་པར་གྱུར་མི་སྲིད” ཅེས་བཀོད་ཡོད་པ་རེད།
བརྙན་པར་གྱི་མཇུག་ཏུ། རྒྱ་ནག་དབུས་གཞུང་གིས“ཁ་དོག་གསར་བརྗེ་ཡི་ཉེན་ཁ་གསལ་བོར་ཤེས་ཡོད”། གལ་ཏེ་རྒྱ་ནག་དེ་ལྟ་བུ་ཞིག་ཏུ་བསྒྱུར་བསམ་ན། ཐོག་མར“ང་ཚོའི་ལུས་ཕུང་སྟེང་རྡོག་བརྫིས་བྱས་ན་མ་གཏོགས་མི་གཏོང” ཞེས་བསྒྲགས་གཏམ་སྤེལ་འདུག