མ་མཐའི་ཚད་ཐིག་མེད་པའི་རྒྱ་ནག་གི་གསང་མྱུལ་ལས་གཞི།

chinese_s_1446456122.jpg
པར་གཞན་ལས་བཤུས།

རྒྱ་ནག་གི་གསང་མྱུལ་ལས་གཞི་ཡིས་སྤྱིར་ན་རྒྱལ་ཁབ་བདེ་འཇགས་དང་། ནང་སྒོས་སུ་དཔལ་འབྱོར་གྱི་ཆ་ནས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གཏུབས་ནས་གསོད་ཀྱིན་ཡོད་ཅེས་ཨ་རིའི་དྲྭ་རྒྱ་བདེ་འཇགས་རིག་མཛོད་ཅིག་གིས་བཏོན་པའི་སྙན་ཐོའི་ནང་བཀོད་འདུག

ཨ་རིའི་དྲྭ་རྒྱ་བདེ་འཇགས་རིག་མཛོད་གནད་ཆེའི་རྨང་གཞིའི་སྒྲིག་བཀོད་ལག་རྩལ་ཞིབ་འཇུག་ཁང་གིས་སྤྱི་ཟླ ༧ ཚེས ༢༨ ཉིན་ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་དུ་དྲྭ་རྒྱའི་བདེ་འཇགས་ཐད་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་།  སྐབས་དེར་ཁ་བྱང་ལ༼ རྒྱ་ནག་གི་གསང་མྱུལ་རྒྱལ་རབས:དཔལ་འབྱོར་ཐད་ཤ་གཅོད་རུས་རྡུང་གིས་གསོད་པ༽ཞེས་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོའི་ནང་། རྒྱ་ནག་གིས་འཚོལ་ཞིབ་ཀྱི་དམིགས་འབེན་དེ་ཚོང་ལས་ཀྱི་གསང་བ་ཙམ་མ་ཡིན་པར། དཔལ་འབྱོར་ཐད་ནས་གཏོར་བརླག་དང་ཕམ་པར་རྒྱག་འདོད་ཡིན་ལ། དམིགས་ཡུལ་གཙོ་བོ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་དག་ཡིན་ཞེས་དང་། ཡང་སྙན་ཐོའི་ནང་། རྒྱ་ནག་གི་གསང་མྱུལ་གྱི་འཇིགས་སྐུལ་དེ་མངོན་སུམ་དོད་པོས་ཡོད་བཞིན་པ་རེད། ནུབ་ཕྱོགས་རྒྱལ་ཁབ་དག་དམིགས་འབེན་གཙོ་བོ་རེད། རྒྱ་ནག་གི “བཅུ་གསུམ་ལྔ” ཞེས་པའི་འཆར་བཀོད་ཀྱི་དམིགས་རྩ་ནི་ལག་རྩལ་གསར་གཏོད་དང་སྤྱི་ཚོགས་དཔལ་འབྱོར་བཅོས་བསྒྱུར་གཉིས་ཡིན་ལ། དམིགས་རྩ་དེ་དག་ལས་མང་པོ་ཞིག་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་དག་ལ་མུ་ནས་མུ་རུ་གསང་མྱུལ་གྱི་བྱ་འགུལ་སྤེལ་ནས་མངོན་པར་གྱུར་དགོས་པ་རེད་ཅེས་བཀོད་འདུག

དེ་མིན་སྙན་ཐོ་དེས་ད་ལྟ་ཤེས་ཟིན་པའི་དྲྭ་རྒྱའི་གསང་མྱུལ་གྱི་ལས་སྤེལ་མཁན་རྒྱ་ནག་གི་དམག་ཕྱོགས་རྩ་འཛུགས་དག་ཞིབ་ཕྲའི་ངང་བཀོད་ཡོད་པ་དང་། དེའི་ནང་རྒྱ་ནག་བཅིངས་འགྲོལ་དམག ༦༡༣༩༨ དང་། ༦༡༤༨༦། ༧༨༠༢༠ བཅས་ཡོད་པ་དང་། ཨ་རི་ཁྲིམས་འཛིན་ལྷན་ཁང་གིས ༢༠༡༤ ལོའི་ཟླ ༥ པར་གསང་མྱུལ་བའི་ཉེས་མིང་བཙུགས་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག ༦༡༣༩༨ ཀྱི་དམག་དཔོན་ལྔ་ཁྲིམས་ལ་གཏུགས་པ་རེད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག ༦༡༣༩༨ ཀྱི་དམིགས་བྱ་གཙོ་བོ་ནི་ཤེས་ཡོན་ཐོན་དངོས་བདག་དབང་དང་། ཚོང་ལས་གསང་བ། དངུལ་ལོར་གྲངས་གནས། རྒྱལ་སྲུང་། ཐོན་ནུས་བཅས་ཡིན་པས། “བཅུ་གསུམ་ལྔ་འཆར་བཀོད ” ཞེས་པ་དགའ་མོས་ཡོད་ས་རྐྱང་རྐྱང་རེད།

དེ་མིན་སྙན་ཐོ་དེས་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱས་ཡོད་པའི་དྲྭ་རྒྱ་གསང་མྱུལ་རྩ་འཛུགས་འགའི་མིང་ཡང་བཏོན་ཡོད་པ་དང་། དཔེར་ན། “གཏིང་གི་དོམ་ཁྲ” ལྟ་བུ། གཏིང་གི་དོམ་ཁྲ་ཞེས་པའི་གསང་མྱུལ་རྩ་འཛུགས་དེས་ཨ་རིའི་སྨན་བཅོས་འགན་ལེན་ལས་ཁང་གི་གློག་ཀླད་དྲྭ་རྒྱའི་མ་ལག་ནང་འཛུལ་ནས་ནད་པ་བྱེ་བ་འགའི་ཡིག་ཆ་རྐུ་ཁྱེར་བྱས་པ་དང་། དེ་བཞིན་རྩ་འཛུགས་དེས་ཨ་རི་རྒྱལ་ཕྲན་མི་དོན་དོ་དམ་ཁང་དང་ཨ་རི་མཁའ་འགྲུལ་བཅས་ཀྱི་གློག་ཀླད་མ་ལག་ནང་འཇབ་རྒོལ་བྱེད་མཁན་ཡང་ཡིན་པ་རེད། སོགས་བཀོད་འདུག

དྲྭ་རྒྱའི་གསང་མྱུལ་བྱ་འགུལ་ཐད་ཨ་རི་དང་རྒྱ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།

ཨི་རིས་དྲྭ་རྒྱའི་ལས་གཞི་ལ་བརྟེན་ནས་འགོག་སྲུང་ལས་དོན་དང་དམག་དོན་གསང་བ་འཚོལ་བ་དང་། རྒྱ་ནག་གིས་དམིགས་འབེན་དམག་དོན་དང་། ཚོང་ལས། དཔལ་འབྱོར་ཡང་ཡིན་ཞེས་སྙན་ཐོའི་ནང་བཀོད་འདུག

ཟླ་བ་སྔོན་མར། ཨ་རིའི་དྲྭ་རྒྱ་བདེ་འཇགས་ལས་ཁང་མེ་མིག་གིས་བཏོན་པའི་སྙན་ཐོའི་ནང་། ༢༠༡༥ ལོའི་ཟླ ༩ པར། ཞི་ཅིན་ཕེང་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་རྒྱ་ནག་གཞུང་གིས་དྲྭ་རྒྱ་བརྒྱུད་ཚོང་ལས་གསང་བ་་དང་དཔལ་འབྱོར་གསང་བ་ཐེ་བའི་ཤེས་ཡོན་ཐོན་དངོས་བདག་དབང་རྐུ་ཁྱེར་གྱི་བྱ་འགུལ་ལ་རྒྱབ་སྐྱོར་མི་བྱེད་རྒྱུ་ཁས་བླངས་པ་ནས། རྒྱ་ནག་གི་དྲྭ་རྒྱའི་འཇབ་རྒོལ་གྱི་གྲངས་ཀ་ཇེ་ཉུང་དུ་སོང་འདུག་ཅེས་བཀོད་ཡོད་པ་རེད།

དེའི་རྗེས་ཀྱི་སྤྱི་ཟླ ༡༢ དང་ད་ལོའི་ཟླ ༦ བཅས་སུ་ཨ་རི་དང་རྒྱ་ནག་གིས་དྲྭ་རྒྱའི་ཉེས་བསག་ལ་རྡུང་རྡེག་གི་མཐོ་རིམ་གྲོས་མོལ་ཚོགས་འདུ་ཐེངས་གཉིས་ལ་འཚོགས་པ་རེད།

ཡིན་ན་ཡང་རིགས་གཅིག་རྐང་འཛིན་ཆེད་མཁས་པས། རྒྱ་ནག་གིས་བྱེད་ཐབས་ལ་འགྱུར་བ་བཏང་བ་ཡིན་ནམ། རྒྱ་ནག་གི་མི་འདྲ་བའི་རྩ་འཛུགས་དང་མི་སྣ་བཀོལ་ནས་དྲྭ་རྒྱའི་གསང་མྱུལ་སྤེལ་གྱིན་ཡོད་དམ། རྒྱ་ནག་གི་དྲྭ་རྒྱལ་གསང་མྱུལ་དེ་གྲངས་ཀའི་ཐད་ན་ཇེ་ཉུང་དུ་སོང་ཡང་། འཇབ་རྒོལ་ཐད་སྔོན་ཆད་ལས་ཀྱང་དག་པོ་ནོར་མེད་ཡིན་སྲིད་ཅེས་སོགས་དོགས་འདྲི་བྱས་འདུག

གཞན་ཡང་། རྒྱ་ནག་གི་གསང་མྱུལ་རྩ་འཛུགས་དང་དྲྭ་ཇག་གིས་མི་སྒེར་ལའང་འཇབ་རྒོལ་བྱེད་ཀྱིན་པ་དང་། དྲྭ་ཇག་སོགས་གསང་བའི་ལས་འགུལ་ལས་གཞན། རྒྱ་ནག་ལ་ད་དུང་གཞི་རྒྱ་ཆེ་ཞིང་འབོར་ཆེ་བའི་མིའི་གསང་བའི་གནས་ཚུལ་འཚོལ་བའི་ལས་གཞི་ཡང་ཡོད་ལ། ཨ་རི་སོགས་རྒྱལ་ཁབ་གཞན་དག་ན་ཡོད་པའི་རྒྱ་ནག་གི་སློབ་མའི་ཚོགས་པ་དང་། ཚོང་ལས་ཚོགས་པ། ཐ་ན་སྤྱི་ཚོགས་ནག་ཚོགས་ཀྱིས་ཀྱང་རྒྱ་ནག་གཞུང་ལ་ཚོང་ལས་དང་རིག་གཞུང་གསང་བ་ལེན་ཐབས་ལ་འབད་ཀྱིན་ཡོད་ཅེས་སོགས་སྙན་ཐོ་དེའི་ནང་བཀོད་འདུག