
ལྷོ་ཨ་མེ་རི་ཀའི་བྷར་ཛིལ(Brazil)རྒྱལ་ཁབ་ཏུ་ཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐེངས ༣༡ པའི་ཉིན ༡༣ པར་འགྲན་པའི་སྤྱི་ལེ ༢༠ ཅན་གྱི་སྐྱེས་མའི་འདུར་རྒྱུག་ཁྲོད་བོད་པའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ལ་ཨང་ལྔ་པ་ཐོབ་ཡོད་པ་རེད།
ཐེངས་འདིའི་སྐྱེས་མའི་སྤྱི་ལེ ༢༠ ཅན་གྱི་འདུར་རྒྱུག་འགྲན་བསྡུར་ནང་གླིང་ཆེན་བདུན་ནས་ཡོང་པའི་འདུར་རྒྱུག་མཁན ༦༣ ཞུགས་ཡོད་པ་དང་། གསེར་གྱི་རྟགས་མ་རྒྱ་རིགས་བུ་མོ་ལིའུ་ཧོང (Liu Hong)གིས་བླངས་པ་དང་། དངུལ་གྱི་རྟགས་མ་ལེན་མཁན་མེག་སི་ཁོའོ Maria Guadalupe Gonzalez། ཟངས་ཀྱི་རྟགས་མ་ཡང་རྒྱ་རིགས་བུ་མོ་ལོའུ་ཞི་ཀྲི (Lu Xiuzhi)རེད། ཨང་བཞི་པ་ཨི་ཊ་ལིའི་བུ་མོ་(Antonella Palmisano)ཡིན་ཞིང་། ཨང་ལྔ་པ་ལེན་མཁན་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ཡིན། ཨང་དང་པོ་དང་ཨང་ལྔ་པ་ཆོས་དབྱངས་སྐྱིད་ལགས་ཀྱི་བར་ན་སྐར་ཆ ༢༩ མ་གཏོགས་ཆད་མེད།
གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཁོང་ཉིད་གཟེངས་རྟགས་ཀྱི་སྟེགས་བུར་འབུད་མ་ཐུབ་པས། འཛམ་གླིང་ཡུལ་གྲུབ་སོ་སོ་ན་གནས་བཞུགས་རྒྱ་ཆེའི་བོད་རིགས་སྤུན་ཟླས་གཙོས་རྒྱབ་སྐྱོར་བ་ཡོངས་ལ་དགོངས་པ་མ་ཚོམས་རོགས་ཞེས་ཁོང་མོའི་སྐད་འཕྲིན་རྒྱུད་དགོངས་དག་ཞུས་ཡོད་ཅིང་། དེ་ཡང་ཁོང་མོས། “ངས་ཁྱེད་ཚོའི་རེ་བ་བཞིན་མ་འགྲུབ་ཐལ། ངས་ཁྱེད་ཚོའི་འདོད་པ་བཞིན་མ་བ་ཐལ། སྤྱི་བཏང་ངས་ཀྱང་ཁྱེད་ཚོ་ལ་སྔར་མེད་པའི་དགའ་སྤྲོད་མི་ཉུང་བ་ཞིག་སྟེར་རྩིས་ཡིན་མོད། རྒྱུག་མཁན་དག་གཅིག་ལས་གཅིག་མགྱོགས་ཡིན་པས། ངའི་རེ་བ་ཡང་མངོན་འགྱུར་བྱེད་མ་ཐུབ་པར་གྱུར་། ངས་ཀྱང་ཨོ་རྩལ་འདི་ལ་ཆེད་དུ་དམིགས་ནས་ལོ་ངོ་གསུམ་ལྷག་ལ་སྦྱོང་བརྡར་བྱས་པ་ཡིན། ལོ་ངོ་གསུམ་ལྷག་ལ་དཀའ་སྡུག་དང་རྔུལ་ཆུས་ཟགས་པའི་ཉི་མ་རེ་རེ་ཕྱིར་འདང་རེ་རྒྱབ་ན་ང་ནི་འགྱོད་ནས་ཅི་བྱ་བརྟོལ་མེད་དུ་གྱུར། ད་ནི་མང་པོ་མི་བཤད། དགོངས་དག་ཞུ”། ཞེས་འགྱོད་སེམས་དང་བཅས་དགོངས་དག་ཞུས་འདུག
གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས། དེ་རིང་གི་འགྲན་བསྡུར་འདིའི་མཐའ་མའི་དམིགས་ཡུལ་ནི་རྟགས་མ་རང་ཡིན་ཞེས་པ་ཇི་བཞིན། ལུས་རྩལ་བ་ཞིག་ལ་མཚོན་ན་ཨང་དང་པོ་ལེན་རྒྱུ་ནི་མཐའ་མའི་དམིགས་ཡུལ་ལོས་ཡིན། ཡིན་ན་ཡང་། གལ་ཆེ་ཤོས་དེ་རྟགས་མ་ལེན་རྒྱུ་ཁོ་ན་ཙམ་མ་ཡིན་པར། འབད་བརྩོན་མཐའ་འཁྱོངས་བྱེད་རྒྱུ་དེ་བས་ཀྱང་འགངས་ཆེན་ཡིན་པས། འདི་ནི་ད་གཟོད་ཨོ་རྩལ་གྱི་སྙིང་སྟོབས་ཀྱི་ཡང་ཏིག་སྙིང་བོ་ཡིན།
ད་ཐེངས་ཁྱེད་རང་ཁྱེད་དང་ཁྱེད་ཀྱི་སྤུན་ཟླ་གྲོགས་པོ་ཚོའི་རེ་བ་ཇི་བཞིན་གཟེངས་རྟགས་ཀྱི་སྟེགས་བུའི་སྟེང་འབུད་ཐུབ་མེད་ཀྱང་། བོད་མི་རིགས་ཀྱི་སེམས་སུ་ཁྱེད་ནི་དུས་ནམ་ཡང་བོད་པའི་ང་རྒྱལ་ཡིན་ལ། བོད་པའི་སྤོབས་པ་ཡང་ཡིན། ཁྱེད་ཀྱིས་འཛམ་གླིང་ཧྲིལ་བོའི་ཆེས་མཐོའི་ལུས་རྩལ་འགྲན་ཚོགས་སྟེང་། བོད་ཀྱི་རང་རྟོན་ངོམ་ཡོད་། བོད་མི་རིགས་ཀྱི་རྒྱུད་སྤུས་ངོམ་ཡོད། རྒྱལ་སྤྱིའི་ཨོ་རྩལ་སྟེང་ཞུགས་ཐུབ་པ་དེ་ཙམ་གྱིས་བླ་ན་མ་མཆིས་པའི་རྒྱལ་ཁ་བླངས་ཡོད།
གངས་རིའི་བུ་མོ། ཁྱེད་རང་བློ་འགྱོད་རྩ་བ་ཉིད་ནས་སྐྱེས་མི་དགོས། ཨང་ལྔ་བ་དེ་ཤིན་ཏུ་དགའ་འོས་པ་ཞིག་ཡིན་ལ། དེ་ནི་གོ་ལ་ཧྲིལ་བོའི་རྒྱལ་ཁབ ༢༠༠ ལྷག་གི་ནང་གི་རྩེ་བཏོགས་ཀྱི་འདུར་རྒྱུག་མཁན ༦༣ ནང་གི་ཨང་ལྔ་བ་ཡིན། གོ་ལ་ཧྲིལ་བོའི་འགྲོ་བ་མི་དུང་ཕྱུར ༧༠ ལྷག་གི་ནང་གི་ཨང་ལྔ་བ་ཡིན། ཁྱེད་རང་ལའང་བློ་འགྱོད་ཡོད་ན། ཨང་དྲུག་པ་ནས ༦༣ བར་གྱི་འདུར་རྒྱུག་པ་དག་གིས་ཅི་ཞིག་བྱེད་དམ། ཁ་སང་གི་འདུར་རྒྱུག་སྐབས་ཁྱེད་རང་ཐེངས་གང་མང་ལ་ཀུན་པོའི་སྔོན་དུ་གཟི་བརྗིད་ཀྱིས་ཐོན་པ་དེ་ཙམ་གྱིས་དགའ་ཆོག སྤོབས་པ་སྐྱེ་ཆོག
“གཅིག་བགྱིས་ན་འདི་ནི་ངའི་མཐའ་མའི་འགྲན་བསྡུར་ཡིན་ཡང་སྲིད་ལ། ངས་རྣམ་པར་རྒྱལ་བའི་ངང་ནས་མཇུག་འགྲིལ་ན་བསམ་ཡོད”ཅེས་འགྲན་བསྡུར་གྱི་རྗེས་སུ་ཁྱེད་ཀྱིས་བློ་འགྱོད་ཀྱི་མིག་ཆུ་དང་བཅས་བཤད་འདུག ཁྱོད་ནི་རྒྱལ་སྤྱིའི་ཨོ་རྩལ་ཟིན་ཐོའི་ནང་བོད་མི་ཞིག་གི་མིང་གཏོད་མཁན་ཐོག་མ་དེ་ཡིན་ལ། གངས་ཅན་པའི་ལོ་རྒྱུས་སུ་རྒྱལ་སྤྱིའི་ཨོ་རྩལ་ཁྲོད་གཟེངས་རྟགས་བཞེས་མཁན་ཐོག་མ་དེའང་ཡིན། ད་དུང་ད་ཐེངས་ནི་ཁྱེད་རང་ཨོ་རྩལ་ལ་ཞུགས་ཐེངས་གཉིས་དེ་ཡང་ཡིན་པས། དེ་ལས་ལྷག་པའི་རྒྱལ་ཁ་ཞིག་གང་ན་ཡོད། དེ་ལས་ཡག་པའི་མཇུག་འགྲིལ་སྟངས་ཤིག་གང་ན་ཡོད། གལ་ཏེ་ཐེངས་འདི་མཐའ་མ་དེ་ཡིན་པའི་དབང་དུ་སོང་ཡང་། ༢༠༡༢ ལོར་ལོན་ཌོན་ཨོ་རྩལ་གྱི་འདུར་རྒྱུག་ཁྲོད་དངུལ་གྱི་གཟེངས་རྟགས་བླངས་པ་དེ་ཙམ་གྱིས། ཁྱེད་ནི་དུས་དང་རྣམ་པ་ཀུན་ཏུ་བོད་མིའི་སེམས་ཁུངས་ཀྱི་གངས་རིའི་བུ་མོ་ཡིན་ལ། འཛམ་གླིང་ཁྱོན་ཡོངས་སུ་ངོམ་ཆོག་པའི་རླབས་ཆེན་གྱི་དར་ཆ་དེ་ཡིན། ཁྱེད་ཀྱིས་འཛམ་གླིང་སྟེང་བཞག་པ་ནི་བོད་མི་རིགས་ཀྱི་ཕུལ་བྱུང་གི་རྒྱུད་སྤུས་ཡིན་ལ། བོད་མི་རིགས་ལ་བཞག་པ་ནི་སུས་ཀྱང་མི་ནུས་པའི་ཡར་སྐུལ་གྱི་ཤུགས་རྐྱེན་ཡིན།
གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱིས་གཟེངས་རྟགས་མ་ལོན་པའི་ཐད་མི་སྐོར་ཞིག་གིས་བློ་ཕམ་གྱི་རྣམ་པ་བཏོན་ཡོད་ན་ཡང་། བོད་མི་ཕལ་མོ་ཆེས་བསྟོད་བསྔགས་བྱས་ཡོད་པ་རེད། དེའང་བན་ཤུལ་དཔལ་མཁར་རྒྱལ་ཟེར་བ་ཞིག་གིས་སྐད་འཕྲིན་བརྒྱུད་འདི་ལྟར་རང་གི་སེམས་ཚོར་བྲིས་འདུག “ཆོས་དབྱིངས་སྐྱིད་ལགས། འཚམས་འདྲི་དང་བཅས། ང་རང་ཡུལ་དབུས་ལྷ་ལར་ཡོད། ཁྱེད་ཉིད་འཛམ་གླིང་གི་འདུར་རྒྱུག་ཆེན་མོར་ཞུགས་པས་ང་ཚོ་ཧ་ཅང་སྤྲོ་བོ་བྱུང་ལ་ཡིད་ཀྱང་ཚིམ་ཡོད། དེ་དགུང་ཆེད་དུ་དུས་ཚོད་བཟོས་ནས་ཉིད་ཀྱི་འདུར་རྒྱུག་ལ་བལྟས་པས་སྤོབས་པས་བློ་སྤོབས་བསྩལ་བྱུང་། ཁྱེད་ཀྱི་ཨང་རིམ་ལྔ་པ་དེ་མི་རིགས་འདི་གཉིད་ལས་སད་པའི་དུང་སྒྲ་དང་། ང་ཚོ་ད་དུང་གསོན་པར་གནས་པའི་དཔང་རྟགས་དེ་ཡིན། དཀའ་ལས་ཚད་མེད་མྱངས་སོང་། སྐུ་ངལ་ཡག་པོ་གསོ་རོགས། ཐུགས་རྗེ་ཆེ་ཞུ་གི་ཡོད”ཅེས་དང་།
དེ་མིན་གཞན་ཞིག་གིས། “ཆོས་དབྱིངས་སྐྱིད་ལགས། མི་སྐྱོན་ཨ་རོ། མི་ཚེ་ནི་རྒྱལ་ཕམ་གྱིས་གྲུབ་པ་ཡིན་པས། ང་ཚོ་སྔར་བཞིན་ཁྱེད་ལ་དགའ། ཁྱེད་ཀྱི་བོད་མོའི་གཤིས་ཀ་རྣལ་མ་དང་འཛུམ་ཆུང་དེ་གསེར་གྱི་རྟགས་མ་ཡིན། ཨོ་རྩལ་སྟེགས་བུར་བོད་མིའི་ལོ་རྒྱུས་བསྐྲུན་མཁན་དེ་ཁྱེད་རང་ཡིན”། ཞེས་པ་སོགས་བསྟོད་བསྔགས་ཀྱི་མེ་ཏོག་བགྲང་བྱ་ལས་འདས་པ་ཞིག་གཏོར་འདུག
བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་ཨ་མདོ་མཚོ་སྔོན་མཚོ་བྱང་ཁུལ་འདབ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་ཤིང༌། ཁོང་མས་ད་བར་རྒྱལ་ཁབ་ཕྱི་ནང་། རྒྱལ་སྤྱིའི་གཟེངས་རྟགས་མང་པོ་བླངས་ཡོད་པ་རེད།
གཞན་ཡང་ཐེངས་འདིའི་ཨོ་རྩལ་ཐེངས ༣༡ པའི་སྟེང་ཞུགས་ཞུགས་བོད་མི་གཉིས་ཡོད་པ་ལས། སྟོབས་རྒྱལ་ལགས་ཟླ་འདིའི་ཚེས་༢༡ཉིན་གོམ་པ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། གཞིས་བྱེས་བོད་མི་རྣམས་པས་སྟོབས་རྒྱལ་ལགས་འགྲན་བསྡུར་ལས་རྣམ་པར་རྒྱལ་རྒྱུའི་སྨོན་འདུན་དང་བཅས་རེ་སྒུག་བྱས་ཡོད་པ་རེད།