བོད་མི་གཉིས་དང་བོད་ཡིག་གསུམ།

index
ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ།

བོད་མི་གཉིས་རྒྱལ་སྤྱིའི་ཨོ་རྩལ་ནང་ཞུགས་པ་དེ་བོད་ཀྱི་ལོ་རྒྱུས་སུ་ཐོག་མ་དེ་ཡིན་ལ་བོད་མའི་གཟི་བརྗིད་ཅིག་ཀྱང་ཅི་ལ་མིན།

དེ་ཡང་། ༢༠༡༦ ལོའི་རྒྱལ་སྤྱིའི་ཨོ་རྩལ་ཐེངས ༣༡ དེ་སྤྱི་ཟླ ༨ ཚེས ༥ ཉིན་མགོ་བརྩམས་ནས་སྤྱི་ཚེས ༢༡ རེས་གཟའ་ཉི་མའི་ཉིན་མཇུག་སྒྲིལ་པ་རེད། ཐེངས་འདིའི་ཨོ་རྩལ་གཙོ་སྐྱོང་པ་ནི་ལྷོ་ཨ་མེ་རི་ཀའི་བྷི་ར་ཛེལ་རྒྱལ་ཁབ་ཀྱི་རེའོ་གྲོང་ཁྱེར་ཡིན་ཞིང་། ཨོ་རྩལ་འགྲན་ཚོགས་སུ་རྒྱལ་ཁབ་དང་ཚོགས་སྡེ ༢༠༧ གི་ལས་རྩལ་བ ༡༡༥༤༤ ཞུགས་ཡོད་པ་དང་། རྣམ་གྲངས་ཆེ་བ ༢༨ དང་ཆུང་བ ༣༠༦ གཏན་འབེབས་དང་གོ་སྒྲིག་གིས། ཁྱོན་བསྡོམས་པའི་གསེར་གྱི་རྟགས་མ ༣༠༦ གི་རྟིང་བརྩད་ནས། ཨ་མེ་རི་ཀས་གསེར་གྱི་རྟགས་མ ༤༦ བླངས་ནས་ཨང་དང་པོ་དང་། དབྱིན་ཇིས་གསེར་གྱི་རྟགས་མ ༢༧ བླངས་ནས་ཨང་གཉིས་པ། རྒྱ་ནག་གིས་གསེར་གྱི་རྟགས་མ ༢༦ བླངས་ནས་ཨང་གསུམ་པ་ཐོབ་ཡོད།

ཐེངས་འདིའི་ཨོ་རྩལ་སྟེང་ལས་རྩལ་བ་མང་ཤོས་དེ་ཨ་རི་ཡིན་ཞིང་། ལུས་རྩལ་བ ༥༥༤ ཞུགས་ཡོད་པདང་། ཉུང་ཤོས་དེ་ཐུ་ཝ་ལུ་ཡིན་ཞིང་། ལུས་རྩལ་བ ༡ མ་གཏོགས་མེད།

༢༠༡༦ལོའི་ཨོ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི། འཛམ་གླིང་རྒྱལ་ཁབ་སོ་སོའི་སྐྱབས་བཅོལ་བ ༡༠ས་གྲུབ་པའི་སྐྱབས་བཅོལ་བའི་སྐུ་ཚབ་ཚོགས་པ་ཞིག་མཉམ་ཞུགས་གནང་པ་དེ་རེད།

༢༠༡༦ ལོའི་རེའོ་ཨོ་རྩལ་འགྲན་ཚོགས་དེ་བོད་དང་བོད་མི་རིགས་ལ་མཚོན་ན་ལོ་རྒྱུས་གསར་བ་ཞིག་དང་རེ་བ་གསར་བ་ཞིག་ཡིན།  འདུར་རྒྱུག་པ་ཆོས་དབྱིངས་སྐྱིད་དང་མཱ་ར་ཋོན་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་གཉིས་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་ཡོད་པས་མ་ཚད། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་བླངས་ཡོད་པ་རེད།

བོད་གཞིས་བྱེས་གཉིས་སུ་གངས་རིའི་བུ་མོ་རུ་འབོད་པའི་ཆོས་དབྱིངས་སྐྱིད་ལགས་ད་ཐེངས་རེའོ་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ་དེ་ཁོང་མོའི་ཨོ་རྩལ་དུ་ཞུགས་པའི་ལོ་རྒྱུས་གཉིས་པ་དེ་ཡིན། དེ་ཡང ༢༠༡༢ལོའི་དབྱིན་ཇིའི་ལོའི་ལོན་ཊོན་ཨོ་རྩལ་སྐབས། ཆོས་དབྱིངས་སྐྱིད་ལགས་ཀྱིས་རྒྱང་ཐག་སྤྱི་ལེ ༢༠ ཅན་གྱི་འདུར་རྒྱུག་ཁྲོད་ཨང་གསུམ་པའི་ཟངས་ཀྱི་རྟགས་མ་བླངས་ཡོད་པ་དང་། རྗེས་སུ་ཨང་གཉིས་པ་ལེན་མཁན་ཨུ་རུ་སུའི་བུ་མོ་དེས་ཁྲིམས་འགལ་ཡིན་པའི་ངར་འཕེལ་སྨན་རྫས་འཐུང་ཡོད་པ་ཤེས་ནས་རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་ཨུ་རུ་སུའི་བུ་མོ་དེའི་ཨང་གཉིས་པའི་མཚན་ཐོབ་རྩིས་མེད་དུ་བཏང་ནས། ཆོས་དབྱིངས་སྐྱིད་ལགས་སུ་ཨང་གཉིས་པའི་དངུལ་གྱི་རྟགས་མ་གསབ་སྤྲོད་གནང་ཡོད་པ་རེད།

སྤྱིར་ན་ད་ལོའི་ཨོ་རྩལ་དང་བྱེ་བྲག་ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ་གཉིས་ལ་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་ཚོས་དོ་སྣང་འཕར་མ་ཞིག་དང་། གང་ནུས་ཅི་ལྕོགས་ཀྱི་རྒྱབ་སྐྱོར་ཞིག དེ་བཞིན་དུ་རེ་བའང་ཆེན་པོ་ཞིག་བཅངས་ཡོད་པ་དཔེར་ན། སྐད་འཕྲིན་བརྒྱུད་ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ་ལ་རྒྱབ་སྐྱོར་མཚོན་པའི་སྐོར་ཚོམ་བཙུགས་ནས་སོ་སོའི་སེམས་འདུན་དང་རེ་བ་སོགས་ཞུས་ཡོད་པ་དང་། སྐོར་ཚོམ་དུ་བཀོད་པར་གཞིགས་ན།  ཁྲིམས་བཅོལ་བྱེད་མཁན། བསང་གསོལ་གཏོང་མཁན། སྐྱབས་འཇུག་སྨོན་ལམ་རྒྱག་མཁན། བསྟོད་པའི་སྙན་ངག་འབྲི་མཁན། བཀྲ་ཤིས་པའི་ཁ་གཡང་འབོད་མཁན་ལ་སོགས་པའི་ལམ་ནས་རྒྱབ་སྐྱོར་དང་རེ་བ་མཚོན་འདུག

སྤྱི་ཟླ ༨ ཚེས ༢༠ ཉིན་སྤེལ་བའི་སྤྱི་ལེ ༢༠ ཅན་གྱི་བུད་མེད་ཀྱི་འདུར་རྒྱུག་ཁྲོད་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨང་ལྔ་བ་བླངས་ཡོད་པ་དང་།  དེ་བཞིན་ཚེས ༢༡ ཉིན་སྤེལ་བའི་སྤྱི་ལེ ༤༢ ཅན་གྱི་སྐྱེས་པའི་མཱ་ར་ཋོན་རྒྱང་རྒྱུག་ཁྲོད་སྟོབས་རྒྱལ་ལགས་ཨང ༩༡ དེ་ཡིན་ཡང་། འགྲན་རྒྱུག་སྐབས་སྤྱི་ལེ ༢༠ ལྷག་གི་རིང་སྟོབས་རྒྱལ་ལགས་སྔོན་མའི་གྲས་ན་ཡོད་པ་རེད། མཱ་ར་ཋོན་རྒྱང་རྒྱུག་དེ་ལོ་རྒྱུས་སུ་ཨེ་ཞི་ཡ་ཞིག་ལ་ཐོབ་མྱོང་མེད་ལ། དེ་ཕལ་ཆེར་ཨ་ཧྥི་རི་ཀའི་རྒྱལ་ཁབ་འགས་ཡིན་པ་འདྲ་བོར་ཆགས་ཡོད།

ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ་རྣམ་པ་གཉིས་ཀའི་དམིགས་འབེན་ནང་བཞིན་དང་། རྒྱ་ཆེའི་བོད་མི་དམངས་ཀྱི་རེ་འདུན་ཇི་བཞིན་ལམ་ལྷོང་མ་བྱུང་ཡང་། བོད་མི་རིགས་ཀྱི་སེམས་སུ་ཁོང་རྣམ་པ་གཉིས་ནི་དུས་དང་རྣམ་པ་ཀུན་དུ་བོད་པའི་ང་རྒྱལ་དང་། བོད་པའི་སྤོབས་པ་ཡིན། རྣམ་པ་གཉིས་ཀྱིས་འཛམ་གླིང་ཧྲིལ་བོའི་ཆེས་མཐོའི་ལུས་རྩལ་འགྲན་ཚོགས་སྟེང་། བོད་ཀྱི་རང་རྟོན་ངོམ་ཡོད་། བོད་མི་རིགས་ཀྱི་རྒྱུད་སྤུས་ངོམ་ཡོད་ལ། ཁོང་གཉིས་ནི་འཛམ་གླིང་ཁྱོན་ཡོངས་སུ་ངོམ་ཆོག་པའི་བོད་ཀྱི་རླབས་ཆེན་གྱི་དར་ཆ་དེ་ཡིན། ཁོང་རྣམ་པ་གཉིས་ཀྱིས་འཛམ་གླིང་སྟེང་བཞག་པ་ནི་བོད་མི་རིགས་ཀྱི་ཕུལ་བྱུང་གི་རྒྱུད་སྤུས་ཡིན་ལ། བོད་མི་རིགས་ལ་བཞག་པ་ནི་སུས་ཀྱང་མི་ནུས་པའི་ཡར་སྐུལ་གྱི་ཤུགས་རྐྱེན་ཡིན།

ཆོས་དབྱིངས་སྐྱིད་ལགས་ཀྱིས་ཁོང་མོའི་དམིགས་འབེན་དང་བོད་མིའི་རེ་འདུན་མ་འགྲུབ་པར་སྐད་འཕྲིན་བརྒྱུད་ནས། “ངས་ཁྱེད་ཚོ་ལ་སྔར་མེད་པའི་དགའ་སྤྲོད་མི་ཉུང་བ་ཞིག་སྟེར་རྩིས་ཡིན་མོད། ངས་ཁྱེད་ཚོའི་རེ་བ་བཞིན་མ་འགྲུབ་ཐལ། ངས་ཁྱེད་ཚོའི་འདོད་པ་བཞིན་མ་བ་ཐལ། འདས་པའི་དཀའ་སྡུག་དང་རྔུལ་ཆུས་ཟགས་པའི་ཉི་མ་རེ་རེ་ཕྱིར་འདང་རེ་རྒྱབ་ན་ང་ནི་འགྱོད་ནས་ཅི་བྱ་བརྟོལ་མེད་དུ་གྱུར། ད་ནི་མང་པོ་མི་བཤད། དགོངས་དག་ཞུ” ཞེས་འགྱོད་སེམས་དང་བཅས་དགོངས་དག་ཞུས་འདུག   ཡིན་ན་ཡང་བོད་མི་ཚོས“ཁྱེད་ཀྱི་ཨང་རིམ་ལྔ་པ་དེ་མི་རིགས་འདི་གཉིད་ལས་སད་པའི་དུང་སྒྲ་དང་། ང་ཚོ་ད་དུང་གསོན་པར་གནས་པའི་དཔང་རྟགས་དེ་ཡིན” ཞེས་ བསྟོད་པའི་མེ་ཏོག་གཏོར་ནས་རྣམ་པ་གཉིས་ཀྱི་གྲུབ་འབྲས་ལ་ཡིད་ཚིམ་ཡོད་པ་རེད། ལུས་རྩལ་བ་ཞིག་ལ་མཚོན་ན་ཨང་དང་པོ་ལེན་རྒྱུ་ནི་མཐའ་མའི་དམིགས་ཡུལ་ལོས་ཡིན། ཡིན་ན་ཡང་། གལ་ཆེ་ཤོས་དེ་རྒྱལ་ཁའི་ངང་ཕྱིར་ལོག་རྒྱུ་དེ་མ་ཡིན་པར། འབད་བརྩོན་མཐའ་འཁྱོངས་བྱེད་རྒྱུ་དེ་ཡིན་ལ། འདི་ནི་ད་གཟོད་ཨོ་རྩལ་གྱི་སྙིང་སྟོབས་ཀྱི་ཡང་ཏིག་སྙིང་བོ་ཡིན། སྤྱིར་ན་ཁོང་རྣམ་པ་གཉིས་རྒྱལ་སྤྱིའི་ཨོ་རྩལ་སྟེང་ཞུགས་ཐུབ་པ་དེ་ཙམ་གྱིས་རྒྱལ་ཁ་ཞིག་ཅི་ལ་མིན།

ཡིད་ཚིམ་དང་ཁག་ཐེག་ལས་གཞན། ཆོས་དབྱིངས་སྐྱིད་དང་སྟོབས་རྒྱལ་གཉིས་ཀྱིས་བོད་རྒྱལ་ཁབ་ཀྱི་མིང་ཁྱེར་ནས་ཨོ་རྩལ་ནང་ཞུགས་པ་མ་ཡིན་པར། རྒྱ་ནག་གི་སྐུ་ཚབ་ཡིན་པར་བརྟེན་བློ་ཕམ་ཞིག་དང་སྐྱོ་སྡུག་ཅིག་སྟོན་མཁན་བོད་པ་ཉུང་ཉུང་ཞིག་ཀྱང་ཡོད་པ་རེད།

ཨོ་རྩལ་ཐེངས ༣༡ པ་མཇུག་སྒྲིལ་ནས། ༢༠༢༠ ལོའི་ཨོ་རྩལ་གཙོ་སྐྱོང་རྒྱལ་ཁབ་ཉི་ཧོང་ལ་རྩིས་སྤྲོད་བྱས་རྗེས། ཉི་ཧོང་གིས་འཛམ་གླིང་མི་དམངས་ཀྱིས་ཉི་ཧོང་གཞུང་དམངས་གཉིས་ལ་ཡིད་ཆེས་དང་ཆེ་མཐོང་སྤྲད་པར་བཀའ་དྲིན་ཞུ་ཆེད། འཛམ་གླིང་མི་རིགས་སོ་སོའི་ཡིག་གཟུགས་སྣ་ཚོགས་ཀྱིས་བྲིས་པའི “བཀའ་དྲིན་ཆེ” ཡིས་གྲུབ་པའི་རབ་ཆེའི་དཔེ་རིས་ཤིག་བསྟན་པའི་ཁྲོད་ན། བོད་ཡིག་གི“བཀའ་དྲིན་ཆེ” ཞེས་པའི་ཡིག་འབྲི་གསུམ་ཡང་གསལ་ཐིང་ངེར་ཡོད། མདོར་ན་ཨོ་རྩལ་ཐེངས ༣༡འི་སྟེང་བོད་མི་གཉིས་དང་བོད་ཡིག་གསུམ་ཡོད་པ་རེད།

གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ནི་མདོ་སྨད་མཚོ་སྔོན་པོ་མདའ་བཞི་མཚོ་ཆུང་སྡེ་བའི་ཡིན་པ་དང་། སྟོབས་རྒྱལ་ལགས་ནི་བོད་རང་སྐྱོང་ལྗོངས་ལྷ་ས་སྟག་རྩེ་རྫོང་དར་རྒྱས་ཞང་གི་རེད།